མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་བྱམས་
བརྩེའི་ངང་གཟིགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་08ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་བྱམས་
བརྩེའི་ངང་གཟིགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གཙུག་ལག་ཁང་དུ་ཕེབས་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་བཀྲ་ཤིས་གོས་དར་དང་གཡུ་རྩིའི་དུས་བདེའི་བུམ་པ་གནང་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཡན་ཏུང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་སུན་ཁྲུན་ལན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཏུའུ་ཆིང་ལིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཀྲང་ཡང་བཅས་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་བཅས་མཉམ་དུ་གཟིགས་པར་ཕེབས་ཡོད་པ་རེད།
         གོང་ཚེས་ཉིན་གཙུག་ལག་ཁང་གི་རྒྱལ་སྒོའི་སྒོ་མཆོར་བོད་བརྒྱུད་ནང་བསྟན་གྱི་བཀྲ་ཤིས་མཚོན་རྟགས་ཀྱིས་བརྒྱན་པ་དང་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་གཟབ་ཤོས་ཀྱི་ཐོག་ནས་ཆོས་གོས་ལེགས་པར་གྱོན་པ་དང་ལག་ཏུ་ཆོས་ཆས་བསྣམས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པར་ཕེབས་བསུ་ཞུས། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་སོགས་བླ་སྤྲུལ་གྱིས་ཡུས་ཀྲེང་ཧྲེང་དང་། ལིའུ་ཡན་ཏུང་། སུན་ཁྲུན་ལན། ཏུའུ་ཆིང་ལིན། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། ཀྲང་ཡང་སོགས་ལ་མཇལ་དར་ཕུལ་བ་རེད།
         ཡུས་ཀྲེང་ཧྲེང་གིས་ལྗོངས་ཡོངས་ཀྱི་དགོན་སྡེར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་བཀྲ་ཤིས་གོས་དར་དང་གཡུ་རྩིའི་དུས་བདེའི་བུམ་པ་གནང་བ་དང་འབྲེལ་སྐུ་འགྱེད་ཀྱང་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་ཕྱེད་ཀའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས་སྐབས་རིམ་བྱུང་གི་བླ་མ་སྐྱེས་ཆེན་མིག་དཔེར་བྱས་ཏེ་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་དད་རང་མོས་ཀྱི་སྲིད་ཇུས་མཐའ་འཁྱོངས་གནང་གི་ཡོད། འདི་ལོའི་ཟླ་བ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་ཞུ་དང་ལེན་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད། མི་རིང་བའི་གོང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྔར་བས་སྐུལ་འདེད་བཏང་བ་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་ཚོས་འཕེལ་རིམ་དེའི་ནང་ཕྲག་ཐོག་ཏུ་འགན་འཁྲི་གལ་ཆེན་ཁུར་ཡོད་ཅེས་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་པ་དང་ཐོས་བསམ་སྒོམ་གསུམ་ལ་གཞོལ་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ཆོས་ལུགས་ལས་རིགས་མི་སྣའི་བསམ་འཆར་ནན་ཏན་ངང་ཉན་ཏེ་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཏེ་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         མཇུག་ཏུ་ཡུས་ཀྲེང་ཧྲེང་གིས་ཚང་མ་སྐུ་གཟུགས་བདེ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གི་གསུང་བཤད་གནང་སྐབས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
         དེ་རྗེས་ཡུས་ཀྲེང་ཧྲེང་སོགས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་བློ་མཐུན་གྱིས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་དང་། དགེ་འདུན་པའི་འཐུས་མི། དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་འབྲེལ། གཙུག་ལག་ཁང་དུ་གཟིགས་སྐོར་ཡང་གནང་བ་རེད།