མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་བོད་ལྗོངས་
མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་
ས་ཡིན་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་08ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད།
          ཡུས་ཀྲེང་ཧྲེང་གིས་གསུངས་པར། མི་རིང་བའི་གོང་ལ་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་འཚོག་གནང་སྟེ་བོད་ལྗོངས་འབྱུང་འགྱུར་འཕེལ་རྒྱས་གཏོང་རྒྱུའི་བརྗིད་ཉམས་ཆེ་བའི་དམིགས་འབེན་ཕྱོགས་ཡོངས་ནས་འཆར་འགོད་གནང་བ་དེའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིགས་བསལ་ཐུགས་ཁུར་གནང་བ་གསལ་པོར་མཚོན་ཞིང་། ཏང་གི་བོད་ལྗོངས་ཀྱི་ལས་དོན་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཡང་བསྐྱར་ཞིག་གྱུར་པ་རེད། ཀྲུང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ཏེ་གོ་བ་ཟབ་ལེན་དང་དོན་འཁྱོལ་མཐར་ཕྱིན་དང་། “ཕྱོགས་ཡོངས་ནས་བཞི་”ཡི་ འཐབ་ཇུས་ཀྱི་བཀོད་སྒྲིག་མཐའ་འཁྱོངས། ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་མཐའ་འཁྱོངས་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ལས་དོན་སྒྲུབ་པའི་གནད་ཆེ་འཛིན་ས་དང་འབད་བརྩོན་བྱེད་སར་བཟུང་སྟེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ཏན་ཏིག་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཅིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་ཏན་ཏིག  མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་འགན་ལེན་ཏན་ཏིག  སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱས་ཐོག་ཐུན་མོང་དུ་སྔར་ལས་ལེགས་ཤིང་མཛེས་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་པ་དང་། སྔར་ལས་བདེ་ཞིང་སྐྱིད་པའི་འཚོ་བ་གསར་པ་གསར་གཏོད་བྱེད་དགོས་པའི་བྱམས་བརྩེ་ཆེ་བའི་རེ་བ་བྱེད་ཀྱི་ཡོད།
         ཡུས་ཀྲེང་ཧྲེང་གིས་བསྟན་དོན། གཙོ་གནད་དང་པོར་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་ནི་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་སྲོག་རྩར་འཛིན་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་མི་རིགས་ཁག་བར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་སྤེལ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་སྟེ་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་ཡིན་པའི་འདུ་ཤེས་ཟམ་མ་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱས་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཛུགས་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད་དོ་ཅོག་ལ་མཐུན་སྒྲིལ་གང་ཐུབ་ཅི་ནུས་བྱས་ཏེ་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་བཏང་སྟེ་མི་སེམས་དང་སྟོབས་ཤུགས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་བརྗིད་ཉམས་ལྡན་པའི་དམིགས་འབེན་ཐོག་གོང་བུར་འགྲིལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བྱ་གཞག་རླབས་པོ་ཆེར་གོང་བུར་འགྲིལ་བར་བྱེད་དགོས།