མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ལྗོངས་ཀྱི་སྤྱི་ཚོགས་
ལམ་ལུགས་མཆོང་བརྒལ་ཆེན་པོ་མངོན་འགྱུར་བྱས་ཡོད་ཅེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་08ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་སྤྲོ་སྐྱིད་མཉམ་འཛོམས་ཀྱི་བཀྲ་ཤིས་པའི་ཉིན་མོ་འདིར། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེ་ལྡན་པའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་ཟབ་མོ་བསྣམས་ནས་ལྷ་ས་གྲོང་ཁྱེར་དུ་བོད་ལྗོངས་མི་དམངས་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བར་ཡོང་བ་ཡིན་ཞེས་བསྟན་གནང་བ་དང་། ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་གནང་ནས་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལས་རིགས་ཁག་གི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བོད་ལྗོངས་ལ་བཅའ་སྡོད་དཔུང་ཁག་གི་བཀོད་འཐབ་པ་། ཉེན་རྟོག་དྲག་དཔུང་བོད་ལྗོངས་དམག་དཔུང་གི་དཔོན་དམག  སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་མཛའ་བརྩེ་ལྡན་པའི་འཚམས་འདྲི་ཞུ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་ལ་བྱས་རྗེས་བཞག་པའི་བློ་མཐུན་ཚོ་དང་གྲོགས་པོ་ཚོར་བླ་མེད་མེད་པའི་གུས་བཀུར་ཞུ་ལ། བོད་ལྗོངས་ལ་ཐུགས་ཁུར་དང་། བོད་ལྗོངས་ལ་དགའ་ཞེན། བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱབ་སྐྱོར་བཅས་བྱེད་པའི་སྤུན་ཟླ་ཤང་ཀང་པ་དང་ཨའོ་མོན་པ་དང་། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་1965ལོའི་ཟླ་9ཚེས་1ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཁའི་ངང་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་འདི་ནི་བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚན་པ་རབས་དང་པོས་མཁས་མཛངས་ལྡན་པའི་ཇུས་ཐག་བཅད་གནང་བ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་པ་དང་དམངས་གཙོ་བཅོས་བསྒྱུར་གྱི་གྲུབ་འབྲས་རླབས་པོ་ཆེ་སྲ་བརྟན་བཏང་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་མཆོང་བརྒལ་ཆེན་པོ་མངོན་འགྱུར་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་འགྲོ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་པས། དུས་དེ་ནས་བཟུང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་སྐྱོད་འགོ་ཚུགས་པ་རེད་ཅེས་ངོ་སྤྲོད་གནང་བ་རེད།