མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་
ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་
བཅས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་
བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ལ།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ། དེ་བཞིན་བོད་ཀྱི་འཛུགས་སྐྲུན་ནང་ཞུགས་མཁན་དང་རོགས་སྐྱོར་གནང་མཁན། བོད་ཀྱི་གོང་འཕེལ་དང་ཡར་ཐོན་ལ་ཐུགས་ཁུར་དང་རོགས་རམ་གནང་མཁན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
         1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ལོ་50རིང་། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་ཡར་བརྩོན་བྱས་པས་བྱ་གཞག་ཁག་ལ་འཛམ་གླིང་ཡོངས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཀྱི་དབང་ཆ་ཁག་ཡོངས་སུ་སྤྱོད་རྒྱུ་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་ངང་མགྱོགས་མྱུར་གོང་འཕེལ་བྱུང་ནས་སྤྱི་འབོར་བསྟུད་མར་སྐས་རིམ་གསར་པར་སླེབས་ཤིང་། རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་བཅོས་ཐུབ་སྟེ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད། སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་བཅས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་སོང་ཞིང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ནུས་ལྡན་ཐུབ་པ་མ་ཟད། སྣོད་བཅུད་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་བ་དང་། མི་དམངས་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་གང་ལེགས་ཐོབ་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པ་བཏང་ནས་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་སོང་བ་བཅས་ཡིན་པས་གསོན་ཉམས་དང་གསོན་ཤུགས་ཡོངས་སུ་ཁེངས་ཤིང་། སྲོལ་རྒྱུན་དང་དེང་རབས་ཀྱི་འོད་མདངས་ཕན་ཚུན་འཕྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་འཆར་བཞིན་ཡོད་པས་འབྱུང་འགྱུར་བོད་ཀྱི་གོང་འཕེལ་མདུན་ལམ་ཤིན་ཏུ་བཟང་པོ་ཡོང་ངེས་ཡིན།
          བགྲང་བྱ་50དཀའ་བ་དང་དུ་བླངས། གངས་ལྗོངས་ས་མཐོར་མཛད་རྗེས་རླབས་ཆེན་བཞག བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50སོང་རིང་། བགྲོད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཡང་དག་པའི་ལག་ལེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་གཅིག་བསྡུས་མཚོན་ཚུལ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་རླབས་ཆེའི་གྲུབ་འབྲས་ཤིག་བཅས་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་ཀྱི་མི་དམངས་རྣམས་དངོས་སུ་རང་ཐག་རང་གིས་གཅོད་རྒྱུ་བྱུང་བ་མ་ཟད། དེར་མུ་མཐུད་འགན་སྲུང་ཐུབ་པ། གཞི་ནས་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་སྲུང་ཐུབ་པ། གཞི་ནས་བོད་ཀྱི་མི་དམངས་རྣམས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འདྲ་མཉམ་ངང་གོང་འཕེལ་དང་ཐུན་མོང་ཐོག་དར་རྒྱས་ཡོང་ཐུབ་པ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། གོང་འཕེལ་བཅས་ཡག་པོ་ཐུབ་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་ཁུངས་བཙན་ཐུབ་ཡོད།
         “བཙན་འགག་ལྕགས་ལྟར་སྲ་ཞེས་མ་སྨྲོས་ཤིག དེ་རིང་གོམ་སྟབས་ཆེན་པོས་མགོ་ནས་སྐྱོད” མིག་སྔར་རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་པས་བོད་ལྗོངས་ཀྱང་རྒྱལ་ཡོངས་དང་འདྲ་བར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་སྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་བརྗིད་ཆེའི་འཆར་འགོད་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་འདི་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་ཀའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་ཕན་ཚུན་འགྲོ་འོང་སྤེལ་རེས་དང་འབྲེལ་འདྲིས་བཅས་ཡོང་བར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་རྒྱུ་འགན་ལེན། སྣོད་བཅུད་ཁམས་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བཅས་བྱས་ནས་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་རབ་མཛེས། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་དང་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།
          བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་དཔུང་ཁག་བཅས་ནི་མཐའ་མཚམས་སྲུང་སྐྱོབ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་གལ་ཆེའི་སྟོབས་ཤུགས་ཤིག་ཡིན་པས། ཚང་མས་སྔ་ཕྱི་བར་གསུམ་དུ་ཏང་དང་མི་དམངས་ཀྱི་གལ་ཆེའི་བཀའ་མངག་བློ་ལ་བརྟན་པོར་ངེས་ནས་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ཞིང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་དམག་སྲིད་དང་དམག་དམངས། ཉེན་རྟོག་པ་དང་མི་དམངས་བཅས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་དུ་སླར་ཡང་མཛད་རྗེས་གསར་པ་འཇོག་དགོས།
          ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་དང་། སྙིང་སྟོབས་ཆེར་སྐྱེད། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་གཏོད་བཅས་ཀྱིས་བོད་ལྗོངས་གོང་འཕེལ་ཡར་ཐོན་ཐད་ལོ་རྒྱུས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམ་དགོས། བོད་རང་སྐྱོང་ལྗོངས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་མཐུན་སྒྲིལ་ཆེ་མོ་ཁྲི་ལོར་བརྟན་པ་ཤོག
                                                                                                                                                                 ཀྲུང་གུང་ཀྲུང་དབྱང་དང་།
                                                                                                           རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
                                                                                                                                                                       རྒྱལ་སྲིད་སྤྱི་ཁྱབ་ཁང་།
                                                                                                                                                                         རྒྱལ་ཡོངས་སྲིད་གྲོས།
                                                                                                                                                      ཀྲུང་དབྱང་དམག་ཨུད་བཅས་ནས།
                                                                                                                                                                   2015ལོའི་ཟླ་9ཚེས་8ཉིན།