མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་
དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་18ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་
དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གླེང་སྟེགས་ལ་ཞུགས་པ་དང་འབྲེལ། འགོ་བརྗོད་དུ་《ལག་གདང་སྦྲེལ་ནས་དབུལ་སེལ་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་》ཞེས་འཁོད་པའི་གཙོ་དོན་གཏམ་བཤད་གནང་བ་རེད། ཞིས་ཅིན་ཕིང་གིས་དབུལ་སེལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ལས་འགན་ཞིག་རེད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་30ལྷག་ཙམ་རིང་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སེལ་འགྲོ་ལམ་དུ་བསྐྱོད་ཡོད། ཀྲུང་གོས་རང་ངོས་ཀྱི་དབུལ་སེལ་ལ་གཞོལ་བ་དང་དུས་མཚུངས་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཧུར་ཐག་དང་། ཕྱར་བ་གྲུ་འདེགས། མཁྲེགས་གཏོར་དཀའ་སེལ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དར་རྒྱས་ཆུང་ཤོས་རྒྱལ་ཁབ་ཀྱི་དབུལ་སེལ་ལ་རྒྱབ་སྐྱོར་དང་རོགས་རམ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཀྲུང་ཕྱིའི་སྐུ་མགྲོན་གྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་ཚོགས་རར་ཕེབས་ཤིང་། ཞིས་ཅིན་ཕིང་གིས་གཙོ་དོན་གཏམ་བཤད་གནང་བ་རེད། ཞིས་ཅིན་ཕིང་གིས་2000ལོར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་དབུ་ཚོགས་ཐོག་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱིས་དབུལ་སེལ་གྱིས་དམིགས་ཚད་གཙོ་བོ་བྱས་པའི་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་ལ་གྲོས་འཆམ་བྱས་པ་རེད། དུས་དེ་ནས་བཟུང་རྒྱལ་ཁབ་ཁག་གིས་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་ཆེད་བྱ་སྤྱོད་སྤེལ་བ་དང་འབད་བརྩོན་ལྷོད་མེད་བྱས་ཡོད། ད་ལོ་བར་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་ཀྱི་དབུལ་སེལ་དམིགས་ཚད་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་གོ་ལ་ཧྲིལ་པོའི་དབུལ་སེལ་བྱ་གཞག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་གལ་ཆེན་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཟླ་གོང་མར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དབུ་ཚོགས་ཐོག་རྒྱལ་ཁབ་ཁག་གིས་དབུལ་སེལ་དམིགས་ཚད་གཙོ་བོར་བཟུང་བའི་2015ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ལ་གྲོས་འཆམ་བྱས་པ་རེད། དེ་རིང་ང་ཚོ་པེ་ཅིང་དུ་མཉམ་འཛོམས་བྱས་ནས། ང་ཚོས་དབུལ་སེལ་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་བརྒྱབ་སྟེ། 2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ལ་གཞོགས་འདེགས་དང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་འཛམ་གླིང་ལ་གསལ་སྟོན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ནི་སྔར་ནས་བཟུང་འཛམ་གླིང་དབུལ་སེལ་བྱ་གཞག་དར་སྤེལ་ཧུར་ཐག་གཏོང་མཁན་དང་སྐུལ་འདེད་ནུས་ལྡན་གཏོང་མཁན་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་ཀྲུང་གོའི་མི་དམངས་ཀྱིས་འཚོལ་ཞིབ་ཧུར་ཐག་དང་དཔའ་ངར་ཞུམ་མེད་ངང་འབད་བརྩོན་བྱས་ནས་སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་དང་། སྲིད་གཞུང་གི་གཙོ་ཁྲིད་མཐའ་འཁྱོངས། སྒོ་འབྱེད་རྣམ་པའི་དབུལ་སེལ་བྱེད་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་ཧྲིལ་པོ་ཞུགས་རྒྱུར་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས། ཡོངས་ཕན་སྲིད་ཇུས་དང་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སེལ་འགྲོ་ལམ་དུ་བསྐྱོད་ཡོད། ཀྲུང་གོ་སྲིད་གཞུང་དང་། སྤྱི་ཚོགས་ལས་རིགས་ཁག ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་ཧུར་ཐག་བྱས་པ་བརྒྱུད། ཀྲུང་གོའི་མི་གྲངས་དུང་ཕྱུར་6ལྷག་ཙམ་དབུལ་པོའི་གནས་ལས་ཐར་ཡོད། 2015ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་ཀྲུང་གོར་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོར་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་ཀྱི་དབུལ་སེལ་དམིགས་ཚད་མངོན་འགྱུར་བྱེད་མགྱོགས་ཤོས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། གོ་ལ་ཧྲིལ་པོའི་དབུལ་སེལ་བྱ་གཞག་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་མི་དམངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་འབད་བརྩོན་བྱེད་བཞིན་མཆིས། ཕྱོགས་ཡོངས་ནས་འབྱོར་འབྲིང་ཞེས་པ་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་འབྱོར་འབྲིང་ཡིན་པས་མི་སུ་ཞིག་ཀྱང་ལུས་མི་རུང་། འབྱུང་འགྱུར་ལོ་5ཡི་ནང་ང་ཚོས་ཀྲུང་གོའི་ད་ཆའི་ཚད་གཞིའི་འོག་གི་དབུལ་པོ་ཁྲི་7000ལྷག་ཙམ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན། དེ་ནི་ཀྲུང་གོས་2015ལོའི་རྗེས་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་དབུལ་སྐྱོར་མ་དངུལ་མང་དུ་ཇེ་ཆེར་བཏང་ནས་ས་ཁུལ་དབུལ་པོ་དང་དབུལ་པོར་ཕན་པའི་སྲིད་ཇུས་བྱེད་ཐབས་དེ་བས་མང་བ་ཞིག་འདོན་རྒྱུ་དང་། དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་གནད་སྨིན་དབུལ་སྐྱོར་ཇུས་ཆེན་ལག་བསྟར་བྱེད་པ། ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་བྱེད་པ། དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱེད་ཐབས་དུད་ཚང་ལ་གནད་སྨིན། གྲོང་ཚོར་གཞིགས་ནས་མི་གཏོང་རྒྱུ་གནད་སྨིན། དབུལ་སྒྲོལ་ཕན་འབྲས་གནད་སྨིན་བཅས་གནད་སྨིན་དྲུག་ལ་སྣང་ཆེན། རིགས་དབྱེའི་བྱེད་ཐབས་མཐའ་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་རང་ངོས་དབུལ་སྒྲོལ་ལས་ལ་གཞོལ་བ་དང་ཆབས་ཅིག ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཧུར་ཐག་བྱེད་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་དོན་དུ་འཕེལ་རྒྱས་ཆུང་ཤོས་ཀྱི་རྒྱལ་ཁབ་ཀྱི་དབུལ་སྒྲོལ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོས་གླིང་ཆེན་ཨེ་ཤེ་ཡ་དང་། གླིང་ཆེན་ཨ་ཧྥེ་རི་ཁ། ལ་ཐིན་མེ་གླིང་། ཅ་ལེ་པི་ས་ཁུལ། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་ཀྱི་རྒྱལ་ཁབ་69ལ་སྨན་བཅོས་རོགས་སྐྱོར་ཧུར་ཐག་བྱས་ནས་སྔ་རྗེས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་120ལྷག་ཙམ་ལ་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་ཆེད་རོགས་རམ་བྱས་ཡོད་ཅེས་བསྟན་པ་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་དབུལ་སེལ་ནི་སྔར་བཞིན་དེང་སྐབས་འཛམ་གླིང་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཆེ་ཤོས་ཤིག་རེད། འབྱུང་འགྱུར་ལོ་15ནི་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ཚང་མའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་ཡིན་ཞེས་ནན་བཤད་གནང་ཡོད། དེར་བརྟེན་ཞིས་ཅིན་ཕིང་གིས་གོ་ལ་ཧྲིལ་པའི་དབུལ་སེལ་འཕེལ་རིམ་མགྱོགས་སུ་ཤུགས་ཆེན་གཏོང་བ་དང་། དབུལ་སེལ་འཕེལ་རྒྱས་མཉམ་ལས་ལ་ཤུགས་ཆེན་པོ་རྒྱག་པ། རྒྱུད་མང་དང་རང་བརྟེན་གྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་པ། རྒྱལ་སྤྱིའི་འཕེལ་རྒྱས་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་དབུལ་པོ་མེད་པ་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་བསྐྲུན་ཆེད། འབད་འཐབ་ལྷོད་མེད་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཆ་ཏེའི་ཙུང་ཐུང་ཏའེ་པི་དང་། ཁ་རེ་ཤེ་ཡའི་ཙུང་ཐུང་ཅི་ཐ་ལུའོ་ཝུའེ་ཆི། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན། ལོ་སིའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི། པོ་ལི་ཝེ་ཡའི་ཙུང་ཐུང་གཞོན་པ་ཅ་ཤིས་ཡ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་གསར་སྤེལ་འཆར་གཞི་ཧྲུའི་ཧྲུའུ་ཀྲང་ཁེ་ལ་ཁེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཁྲེན་ཕུང་ཕུའུ་ཀྲེན་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གསུངས་ཤིང་། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དེ་བཞིན་དབུལ་སེལ་ལ་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་ནས་ཡུན་ཐུང་ནང་མི་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་ནས་གོ་ལ་ཧྲིལ་པོའི་སྟོང་ལོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བར་ཁོང་ཚོས་ངོས་འཛིན་གནང་ཡོད། མུ་མཐུད་ཀྲུང་གོ་དང་ལྷན་དུ་དབུལ་སེལ་ལ་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ནས་《2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་》དོན་འཁྱོལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལུགས་བསྟན་པ་རེད།