མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་འཆར་འགོད་》ལ་མཆན་
འགོད་བཀའ་ལན་གནང་ནས་མོས་མཐུན་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མིང་རྟགས་བཀོད་པ་བརྒྱུད་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་འཆར་འགོད་(2015-2030ལོ)ཀྱི་མཆན་འགོད་བཀའ་ལན་》(གཤམ་དུ་བསྡུས་མིང་ལ་《མཆན་འགོད་བཀའ་ལན་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་ཏེ་《རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་འཆར་འགོད་(2015-2030ལོ)》(གཤམ་དུ་བསྡུས་མིང་ལ་《འཆར་འགོད་》ཅེས་བརྗོད་རྒྱུ)དེར་རྩ་བའི་ཆ་ནས་མོས་མཐུན་བྱས་ཤིང་། 《འཆར་འགོད་》དེ་ནི་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་ས་ཆུ་སྲུང་འཛིན་ལས་དོན་འཕེལ་རྒྱས་ཀྱི་འཆར་གཞི་དང་གཞི་འཛིན་ས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན།
         《འཆར་འགོད་》ནང་བླང་བྱ་བསྟན་དོན། རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བའི་འགོག་བཅོས་ལས་དོན་ཐད་རང་བྱུང་ལ་བརྩི་མཐོང་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ས་སྐྱོང་བཅས་བྱེད་པའི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བཙུགས་ཏེ། སྔོན་འགོག་གཙོ་བོར་བྱེད་པ་དང་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འཆར་འགོད་དང་ཡུལ་བབ་དང་བསྟུན་པ། རང་བྱུང་སླར་གསོར་སྣང་ཆེན་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་མངོན་གསལ་དོད་པོ་བྱེད་པ། ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་བ། ས་ཆུ་སྲུང་འཛིན་གྱི་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ། ས་ཆུའི་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་སྒོ་ནས་མངོན་འགྱུར་ཡོང་བ་བཅས་བྱས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལེགས་གཏོང་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མགྱོགས་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་དགོས།
          《འཆར་འགོད་》ནང་ལོ་བཅོ་ལྔ་ཡས་མས་ཀྱི་དུས་ཚོད་སྤྱད་དེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ས་ཆུ་ཤོར་བའི་ཕྱོགས་བསྡུས་འགོག་བཅོས་མ་ལག་ཅིག་བསྐྲུན་ནས། ཁྱོན་ཡོངས་ནས་སྔོན་འགོག་སྲུང་སྐྱོང་དང་། ནགས་རྩྭ་དང་སྔོ་ཁེབས་ཁྱོན་ཡོངས་ནས་སྲུང་སྐྱོང་དང་སླར་གསོ་ཡོང་བ། གཙོ་གནད་འགོག་བཅོས་བྱ་ཡུལ་ས་ཁུལ་གྱི་ས་ཆུ་ཤོར་བ་ཁྱོན་ཡོངས་ནས་བཅོས་སྐྱོང་ཐུབ་པ་བྱེད་དགོས། སྔོན་དཔག་བྱས་ན། 2020ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་ཁྱོན་གསར་འཕར་སྤྱི་ལེ་ངོས་གྲུ་ཁྲི་32དང་། ལོར་ཆ་སྙོམས་ས་རྒྱུ་ཤོར་ཚད་ཏུན་དུང་ཕྱུར་8ཉུང་དུ་གཏོང་རྒྱུ་དང་། 2030ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་ཁྱོན་གསར་འཕར་སྤྱི་ལེ་ངོས་གྲུ་ཁྲི་94དང་ལོར་ཆ་སྙོམས་ས་རྒྱུ་ཤོར་ཚད་ཏུན་དུང་ཕྱུར་15ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།
         《འཆར་འགོད་》ནང་ས་ཆུ་ཤོར་བ་ཕྱོགས་བསྡུས་འགོག་བཅོས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས། རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་གྱི་ས་ཁོངས་འབྱེད་རྒྱུ་དེ་རྨང་གཞིར་བྱེད་པ་དང་། ས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ། རྒྱལ་ཁབ་ཀྱི་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་ལས་འགན་གཙོ་བོ་བཏོན་པ་སྟེ། གཅིག་ནས་སྔོན་འགོག་དང་སྲུང་སྐྱོང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་བྱུང་གི་སླར་གསོར་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་སྔོ་ཁེབས་ཀྱི་ཁེབས་ཁྱོན་རྒྱ་ཆེར་གཏོང་བ། ཐོན་སྐྱེད་འཛུགས་སྐྲུན་བྱེད་སྒོ་དང་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ས་ཆུ་ཤོར་བར་ཕྱོགས་ཡོངས་ནས་སྔོན་འགོག་བྱེད་པ་བཅས་ཀྱི་ཐོག་ནས་ཆུ་རྩ་གཙོ་བོའི་ས་ཆ་དང་། གཙང་པོ་དང་ཆུ་བོའི་ཆུ་འགོ་ཁུལ་གལ་ཆེན། ཆུས་ཟད་རླུང་ཟད་སྣོལ་འདྲེས་ཁུལ་གྱི་ས་ཆུ་ཤོར་ཚུལ་བཅས་ལ་མངོན་གསལ་དོད་པོས་སྔོན་འགོག་བྱེད་དགོས་པ་དང་། གཉིས་ནས་ས་ཆུ་ཤོར་བའི་ས་ཁུལ་དུ། ཆུ་རྒྱུད་ཆུང་ཆུང་ཚན་པར་བྱེད་པའི་རི་ཆུ་ཞིང་ནགས་ལམ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། རི་ལྡེབས་རྨོ་ཞིང་དང་། གྲོག་ཤུར། འཛེང་རྡོ་གས་རིགས་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། ནུབ་བྱང་ས་སེར་མཐོ་སྒང་ཁུལ་དང་། བྱང་ཤར་ས་ནག་ཁུལ། ནུབ་ལྷོའི་བྲག་ཁུན་ཁུལ་སོགས་ཀྱི་ས་ཆུ་ཤོར་བ་ཆེས་ཚབས་ཆེའི་ས་ཁུལ་གཙོ་གནད་དུ་མངོན་གསལ་དོད་པོར་བྱས་ནས། རྨོ་ཞིང་བལྟོས་བཅས་ཀྱི་འདུས་ཚད་ཆེ་བའི་ས་ཁོངས་དང་། དེ་བཞིན་གྲོག་ཤུར་བལྟོས་བཅས་སྟུག་པའི་ས་ཁོངས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་དགོས་པ། གསུམ་ནས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ས་ཆུ་སྲུང་འཛིན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ས་ཆུ་སྲུང་འཛིན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་སོ།
         《འཆར་འགོད་》ནང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཚན་རྩལ་ཡར་ཐོན་ལ་བརྟེན་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་དྲུག་ཐད་ནས་འཆར་འགོད་ལག་བསྟར་བྱེད་པའི་འགན་སྲུང་བྱེད་ཐབས་བཏོན་ཡོད།