མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་གྲོས་ཚོགས་སུ་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་23ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་གྲོས་ཚོགས་སུ་གསུང་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇིའི་གྲོས་ཚོགས་སུ་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་སྤེལ་རེས་མཉམ་འགུལ་བྱ་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་ཕན་ཚུན་བསམ་ཤེས་དང་། རྒྱབ་སྐྱོར། མཛའ་གྲོཌ་བཅས་ལ་ཤུགས་སྣོན་གྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྲོས་ཚོགས་ཐོག་བརྩེགས་ཁང་དུ་ཕེབས་འབྱོར་ཟིན་པ་དང་དེ་ཁུལ་དུ་གྲོས་ཁང་གོང་མའི་གྲོས་དཔོན་ཏི་སུའུ་ཧྲ་དང་གྲོས་ཁང་འོག་མའི་གྲོས་དཔོན་པོ་ཁེ་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
         ཞིས་ཅིན་ཕིང་གསུང་བཤད་གནང་ཡུལ་ཚོམས་ཆེན་དུ་ཕེབས་སྐབས་གྲོས་མི་ཡོངས་ཡར་ལངས་ནས་དགའ་བསུ་ཞུས་པ་རེད། གྲོས་ཁང་འོག་མའི་གྲོས་དཔོན་པོ་ཁེས་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚབ་ཞུས་ནས་དགའ་བསུའི་ཤིས་ཚིག་གསུངས་ཏེ་ཞིས་ཅིན་ཕིང་གིས་དབྱིན་ཇིར་འཚམས་འདྲི་གནང་བ་དང་འབྲེལ་གྲོས་ཚོགས་སུ་ཕེབས་པར་དགའ་བསུ་ཞུས་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གསུང་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ང་རང་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་བྱེད་པའི་ཉིན་དང་པོར་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་བཞིན་ཡོད་ལུགས་མྱོང་ཚོར་བྱུང་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་སེམས་ཟབ་མོའང་མྱོང་ཚོར་བྱུང་བས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ངས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དབྱིན་ཇི་ནི་ཚབ་གྲོས་ལམ་ལུགས་འཚོལ་ཞིབ་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཀྲུང་གོར་དམངས་རྩ་བར་འཛིན་པ་དང་ཁྲིམས་ལུགས་ཀྱི་བསམ་བློ་གནའ་དུས་ནས་ཡོད། ད་ཆ་ཀྲུང་གོ་མི་དམངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་བཞིན་པའི་དུས་སུ་ཀྲུང་ཧྭའི་ཁྲིམས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་བསྡུ་ལེན་བྱས་ཡོད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཁྲིམས་སྐྱོང་གི་ཕན་འབྲས་ལྡན་པའི་བྱ་ཐབས་ཀྱང་དཔྱད་གཞིར་འཛིན་གྱི་ཡོད། དེའི་དམིགས་ཡུལ་ནི་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་བསྐྲུན་ཏེ་རྒྱུན་ཆད་མེད་པར་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་ནན་པོ་བྱེད་པ། གཞུང་དྲང་ཁྲིམས་འཛིན་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། དེའི་ཐད་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་ཕན་ཚུན་དབར་སྤེལ་རེས་དང་དཔྱད་གཞི་འཛིན་རྒྱུར་ཤུགས་སྣོན་རྒྱག་ཆོག་གི་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོ་སོ་སོར་ཨེ་ཤེ་ཡ་དང་ཡོ་རོབ་གླིང་གཉིས་སུ་གནས་ཀྱང་དུས་ཡུན་རིང་པོའི་ལོ་རྒྱུས་ནང་ཕན་ཚུན་ཡིད་དབང་འགུགས་ཤུགས་ལྡན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད“ཨང་དང་པོ”མང་པོ་བཏོད་ཡོད། དབྱིན་ཇི་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་མཁན་གྱི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་དེ་ཡིན་ལ་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཀྱང་ཡིན། ཤང་ཀང་ཕུད་མི་དམངས་ཤོག་སྒོར་ས་ཁོངས་ཕྱི་རོལ་གྱི་བརྗེ་ལེན་ལྟེ་གནས་དེ་ཡིན་ལ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་ཀྲུང་གོའི་སློབ་མའི་ཡིད་ཕྱོགས་ས་དང་ཁུང་ཙིའི་སློབ་གླིང་གཉེར་སྔ་ཤོས་ཀྱི་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཅིག་ཡིན། ད་དུང་དབྱིན་ཇི་ནི་མི་དམངས་ཤོག་སྒོར་གྱི་རྒྱལ་བུན་གཏོང་མཁན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨང་དང་པོ་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དུ་ཞུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཆེ་གྲས་ཤིག་ཡིན།
         ཀྲུང་དབྱིན་རྒྱལ་ཁབ་གཉིས་པོ་བདག་ཁྲོད་ཁྱེད་ཡོད་པ་དང་ཁྱེད་ཁྲོད་བདག་ཡོད་པའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཏུ་འགྱུར་བཞིན་ཡོད། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་དེ་འདྲ་འགྲོ་དོན་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་བསམ་ཤེས་དང་། རྒྱབ་སྐྱོར། མཛའ་གྲོགས་བཅས་བྱས་པ་ལས་བྱུང་བ་ཞིག་རེད། ད་ཆ་ང་ཚོ་འཚོ་གནས་བྱེད་པའི་དུས་སྐབས་ཀྱིས་ཞི་བདེ་དང་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱས་ཡོད་ལ། རྒྱལ་ཁབ་ཁག་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་དུས་སྐབས་ཤིག་རེད། རླབས་ཆེའི་དུས་སྐབས་དེ་འདྲའི་ནང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འགོ་འཛུགས་ས་གསར་པའི་ཐོག་ལངས་སྐབས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོ་ལག་གདང་སྦྲེལ་བ་ནི་སྐབས་དང་འཁེལ་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གི་གསུང་བཤད་གནང་མཇུག་འགྲིལ་སྐབས་གྲོས་མི་ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་པ་རེད། གྲོས་ཚོགས་གོང་མའི་གྲོས་དཔོན་ཏི་སུའུ་ཧྲ་ཡིས་ཤིས་ཚིག་བསྒྲོན་ནས་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པ་དང་འབྲེལ་གྲོས་ཚོགས་སུ་གསུང་བཤད་གནང་བར་ཐུགས་རྗེ་ཞུས་པ་རེད།
         དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་དང་། གྲོས་ཚོགས་གོང་འོག་གི་གྲོས་མི། རྒྱལ་པོ་ཚང་གི་སྐུ་ཚབ་བཅས་དང་དེ་བཞིན་དབྱིན་ཇིའི་ནང་བློན་ཁོངས་མི་དང་སྲིད་གཞུང་གི་དཔོན་རིགས་དང་གྲོས་ཚོགས་ཀྱི་དཔོན་རིགས་སོགས་མི་500ལྷག་ཙམ་ཕེབས་ཡོད་པ་རེད།