མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་སླར་ཡང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་སླར་ཡང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་ཆ་དེ་གའི་དུས་ཚོད་ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་གྱི་གྲོང་གསེབ་སྤྲོ་ཁང་ཆེ་ཁེ་སིར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་དང་སླར་ཡང་མཇལ་འཛོམས་གནང་བ་རེད།
         ཉིན་དེའི་ཕྱི་དྲོ་ཞིས་ཅིན་ཕིང་གྲོང་གསེབ་སྤྲོ་ཁང་ཆེ་ཁེ་སིར་་ཕེབས་འབྱོར་ཟིན་སྐབས་ཁེ་མེ་ལུན་གྱིས་རླངས་འཁོར་བབས་སར་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་པ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣ་ལྷན་དུ་སྤྲོ་ཁང་གི་ནེའུ་གསིང་ཐོག་ཕེབས་ནས་ཀྲུང་དབྱིན་གྱི་མཛའ་གྲོགས་མཚོན་པའི་མོན་ཆ་ར་ལྷན་དུ་བཏབ་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ནེའུ་གསིང་ཐོག་སྐུ་འཆམ་ལ་ཕེབས་ཀྱིན་གླེང་མོལ་གནང་བ་དང་ཁེ་མེ་ལུན་གྱིས་སླར་ཡང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད། ཞིས་ཅིན་ཕིང་གིས་ངས་ད་ཐེངས་དབྱིན་ཇིར་འཚམས་འདྲི་ཞུས་པར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་འབྲས་བུ་གྱ་ནོམ་པ་ཐོབ་བྱུང་། ངས་ཀྲུང་དབྱིན་འབྲེལ་བའི་ཐད་ཀྱི“རྫོགས་ལྡན་དུས་རབས”གསར་གཏོད་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།
         གྲོང་གསེབ་སྤྲོ་ཁང་ཆེ་ཁེ་སིར་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་དུས་ཡུན་ཆུ་ཚོད་4དང་ཕྱེད་ཀ་ལྷག་ཙམ་གླེང་མོལ་གནང་བ་དང་རྒྱལ་སྲིད་སྐྱོང་ལུགས་དང་། ཕྱོགས་གཉིས་པོའི་འབྲེལ་བ། རྒྱལ་སྤྱིའི་དུས་བབ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ད་ཐེངས་འཚམས་འདྲིའི་ནང་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཚད་མཐོའི་མཐོང་ཆེན་དང་རེ་སྒུག་ཆེན་པོ་གནང་བ་ང་ལ་མྱོང་ཚོར་ཟབ་མོ་བྱུང་ལ་དབྱིན་ཇིའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་སེམས་ཟབ་མོའང་མྱོང་ཚོར་བྱུང་། ང་ཚོའི་དབར་ངོས་འཛིན་གཅིག་མཐུན་མི་ཉུང་བ་ཞིག་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་གསར་པའི་ཐོག་གོང་མཐོར་གཏོང་རྒྱུ་མ་ཟད་སླད་ཕྱིན་ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཆར་གཞི་འདིང་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་དང་ང་ཚོས་དབྱིན་ཇི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཁེ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད། ང་ཚོས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་བཞིན་ཡོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་གོ་འཕེལ་རྒྱས་གཏོང་བའི་ཁྲོད་ཕྱི་རྒྱལ་ཞུགས་པར་དེ་བས་ཕན་ཡོད་ཀྱི་ཆ་རྐྱེན་དང་། དེ་བས་ཡངས་པའི་ཁྲོམ་ར། དེ་བས་རྒྱུ་མང་གི་ཚོང་ལས་གོ་སྐབས་བཅས་སྐྲུན་རྒྱུ་ཡིན། ང་ཚོས་དབྱིན་ཇི་ཕྱོགས་དང་སྒྱུར་བཅོས་གསར་གཏོད་དང་། ཁྲིམས་སྐྱོང་འཛུགས་སྐྱོང་། རུལ་སུངས་ལ་རྡུང་རྡེག་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དེང་སྐབས་ཀྱི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ཀྱི་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་ལས་དབང་དམ་པོར་འབྲེལ་ནས་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་ཡོད། ང་ཚོས་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དེ་བས་དར་རྒྱས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་འཛམ་གླིང་གཅིག་ཐུན་མོང་ཐོག་སྐྲུན་དགོས། འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་ནི་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་དང་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན། ཀྲུང་གོས་དར་རྒྱས་ཆེ་བའི་ཡོ་རོབ་དང་མཐུན་སྒྲིལ་ལྡན་པའི་ཡོ་རོབ་མནའ་འབྲེལ་ཞིག་མཐོང་འདོད་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་གལ་ཆེའི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ཐད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
         ཁེ་མེ་ལུན་གྱིས་དབྱིན་ཇི་དང་ཀྲུང་གོ་གཉིས་ཀ་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོས་དེ་བས་ལེགས་པའི་ཤེས་རྟོགས་བྱེད་པ་བརྒྱུད་ཕན་ཚུན་གྱི་ལྟ་སྟངས་ལ་བརྩི་འཇོག་ཞུས་ཏེ་ཕ་རོལ་པོའི་འཕེལ་རྒྱས་དང་བརྟན་ལྷིང་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གསབ་རེས་ནུས་པ་ཆེ་བས་དབྱིན་ཇི་ཕྱོགས་ཀྱིས་མཉམ་ལས་རྒྱ་ཆེར་གཏོང་བའི་ཁྲོད་ཀྲུང་གོ་ཕྱོགས་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད། ད་ཐེངས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇིར་འཚམས་འདྲི་གནང་བ་དེ་ཧ་ཅང་གྲུབ་འབྲས་ཐོབ་པ་ཞིག་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཐེབས་ཡོད། རྒྱལ་ཁབ་གཉིས་པོས་དབྱིན་ཀྲུང་གི་དུས་རབས་21ལ་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་སྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པ་དང་གཉིས་ཁེ་ཡོང་ཐབས་ཀྱི་གཏན་འབེབས་ཤིག་ཡིན་པས་ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།