མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ལོན་ཏོན་དངུལ་རྩའི་གྲོང་དུ་གཏམ་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ལོན་ཏོན་དངུལ་རྩའི་གྲོང་དུ་གཏམ་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལོན་ཏོན་དངུལ་རྩའི་གྲོང་གི་གྲོང་སྲིད་ཚོམས་ཆེན་དུ་《སྒོ་དབྱེ་དང་བསྟུན་མཁས་ཐུན་མོང་ཐོག་དར་སྤེལ་གཏོང་བ་དང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གལ་ཆེན་གནང་ནས་ཀྲུང་དབྱིན་གྱིས་ཕུགས་དང་འཐབ་ཇུས་ཀྱི་མིག་རྒྱང་དང་། སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར། མཉམ་ལས་གཉིས་ཁེའི་འདུ་ཤེས། གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས། དུས་རབས་ཀྱིས་སྤྲད་པའི་གོ་སྐབས་དམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱིན་འབྲེལ་བའི“རྫོགས་ལྡན་དུས་རབས”ཐུན་མོང་ཐོག་བཏོད་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་ངང་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ལོན་ཏོན་གྲོང་ཁྱེར་དངུལ་རྩའི་གྲོང་ནི་འཛམ་གླིང་གི་དངུལ་རྩའི་ལྟེ་གནས་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཚེས་21ཉིན་གྱི་དགོང་མོ་ལོན་ཏོན་དངུལ་རྩའི་གྲོང་གི་ཧྲི་ཀྲང་ཡེ་ཡ་ལུན་གྱིས་དངུལ་རྩའི་གྲོང་གི་གྲོང་སྲིད་ཚོམས་ཆེན་དུ་མཛད་སྒོ་གཟབ་རྒྱས་དང་དགོང་མོའི་གསོལ་སྟོན་བཤམས་ནས་ཞིས་ཅིན་ཕིང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་པ་དང་། ཞིས་ཅིན་ཕིང་དང་ཕེང་ལི་ཡོན་དངུལ་རྩའི་གྲོང་དུ་ཕེབས་འབྱོར་ཟིན་སྐབས་རྒྱལ་སྲས་ཨན་ཏེ་ལུའུ་དང་དངུལ་རྩའི་གྲོང་གི་ཧྲི་ཀྲང་ཡེ་ཡ་ལུན་སྟེང་ཞལ་གྱི་སྤྲོ་སེམས་འཁོལ་བའི་བསུ་བ་ཐོབ་ཡོད། རོལ་ཆ་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་དཀྲོལ་བ་དང་ཞིས་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་དེ་རྗེས་སྤྲོ་སྣང་དོད་པའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞིས་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་དལ་པོའི་ངང་གསོལ་སྟོན་ཚོམས་ཆེན་ནང་ཕེབས་པས་གསོལ་སྟོན་ནང་ཞུགས་པའི་དབྱིན་ཇིའི་ལས་རིགས་ཁག་གི་མི་སྣ་དང་དབྱིན་ཇིར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་700ལྷག་ཙམ་ཚང་མ་ཡར་ལངས་ནས་ཐལ་མོ་བརྡབ་སྟེ་དགའ་བསུ་ཞུས་པ་དང་དངུལ་རྩའི་གྲོང་གི་ཁྲིམས་དཔོན་ཆེ་མོས་དགའ་བསུའི་ཤིས་ཚིག་སྒྲོག་སྦྱངས་བྱས་ཏེ་ཞིས་ཅིན་ཕིང་དངུལ་རྩའི་གྲོང་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།
         སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྲུང་གོ་མི་དམངས་དང་དབྱིན་ཇི་མི་དམངས་ཀྱིས་འོད་སྟོང་འཕྲོ་བའི་ཤེས་དཔལ་བཏོད་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དངུལ་རྩའི་གྲོང་འདི་ཉིད་ནི་ཀྲུང་དབྱིན་མཉམ་ལས་གཏིང་ཟབ་བྱེད་པའི་བསྡུས་རིས་ཤིག་ཡིན་ལ་གོ་ལ་ཧྲིལ་པོའི་སྒོ་དབྱེའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། དེང་དུས་འཛམ་གླིང་དུ་སྒོ་དབྱེ་བསྟུན་མཁས་དང་རྒྱུ་མང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དེ་འདོད་མོས་གཙོ་བོ་ཡིན་པ་དང་། ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱ་རྒྱུ་དེ་རླབས་རྒྱུན་ཆེན་པོ། ཞི་བདེ་དང། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ནི་བརྗོད་བྱ་གཙོ་བོ་ཡིན། རྒྱལ་ཁབ་ཁག་གིས་ཞི་མཐུན་མཉམ་གནས་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕན་ཚུན་སློབ་སྦྱོང་བཅས་བྱེད་དགོས། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཚོགས་འགྲན་རྒོལ་བྱ་རྒྱུ་དེ་དུས་རབས་ཀྱི་བླང་བྱ་དང་མཐུན་གྱི་མེད། འཛམ་གླིང་རྒྱལ་ཁབ་ཁག་གིས་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ཕྱར་བ་གྲུ་འདེགས་དང་མཐུན་སྦྱོར་ངང་བྱ་སྤྱོད་སྤེལ་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཐད་ཕྱོགས་ཁག་གི་དོ་ཁུར་ཉིན་བཞིན་ཐོབ་པ་དང་འདི་གར་ངས་ཚང་མས་དོ་སྣང་ཆེ་ཤོས་བྱེད་པའི་གནད་དོན་ཁ་ཤས་ཐད་ལྟ་སྟངས་གླེང་འདོད་ཡོད་པ་སྟེ།
         དང་པོ། ཀྲུང་གོ་མི་དམངས་ལོ་རྒྱུས་ཀྱིས་གདམ་ག་བྱས་པའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གདམ་ག་བྱས་པ་དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་རེད། ཀྲུང་གོས་ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་མྱོང་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ་དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་ཡང་དག་པའི་འགྲོ་ལམ་ཐོག་སྐྱོད་བཞིན་ཡོད་པ་གསལ་བཤད་གང་ལེགས་ཐུབ་ཀྱི་ཡོད། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ནི་སློབ་གཞིའི་ནང་གི་སློབ་ཚན་ཙམ་དང་འགྱུར་མེད་རེངས་པོར་གནས་པའི་སྡོམ་ཁྲིམས་མིན་པར་དེ་ནི་ལག་ལེན་ཁྲོད་འཕེལ་རྒྱས་དང་འགྱུར་ལྡོག་ཟམ་མི་ཆད་པར་འགྲོ་བ་ཞིག་རེད། ང་ཚོས་ལག་ལེན་ཁྲོད་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་ཁྲོད་ཟམ་མི་ཆད་པར་འགྱུར་ལྡོག་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གྲུབ་པ་དང་འཕེལ་རྒྱས་བྱུང་ཡོད། “རྐང་པར་འཚམ་པའི་ལྷམ་དང་དམངས་ལ་ཕན་པའི་བྱེད་ཐབས་དགོས”ཞེས་པ་ལྟར་འཛམ་གླིང་ཐོག་ཕྱོགས་བཞི་མཚམས་བརྒྱད་ལ་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་མེད་ཅིང་། མི་དམངས་ལ་རྒྱུན་མཐུད་ངང་ཕན་བདེ་བསྐྲུན་པའི་འཕེལ་རྒྱས་འགྲོ་ལམ་དེ་གཞི་ནས་སྐྱེ་སྟོབས་ནུས་པ་ཆེ་ཤོས་ལྡན་པ་ཞིག་རེད།
         གཉིས་པ། ཀྲུང་གོ་མི་དམངས་ལ་མཁོ་བ་ནི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་རེད། ཀྲུང་གོ་འདི་ཉིད་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་པར་ཀྲུང་གོ་མི་དམངས་ཀྱིས་ད་དུང་ཡུན་རིང་འབད་འཐབ་བྱེད་དགོས་ཀྱི་ཡོད། ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོ་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཕུགས་འདུན་ཡིན་ལ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་དང་འབྲེལ་བ་དམ་ཟབ་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་གི་འཕེལ་རྒྱས་རླབས་རྒྱུན་ཁྲོད་མཉམ་འདྲེས་ཡོང་ངེས་ཡིན་ལ་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་གསོན་ཤུགས་དེ་བས་མང་བ་དང་གོ་སྐབས་དེ་བས་མང་བའང་འཕྲད་ངེས་རེད། ཀྲུང་གོས་དབྱིན་ཇི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་བྱ་སྤྱོད་ཏན་ཏིག་སྤྱད་ནས་མི་མངོན་པའི་སྟོབས་ཤུགས་དེ་བས་མང་བ་འདོན་སྤེལ་བྱས་ཏེ་འཕེལ་རྒྱས་དེ་བས་ལེགས་པ་གཏོང་འདོད་ཡོད།
         གསུམ་པ། ཀྲུང་གོ་མི་དམངས་ཀྱིས་རེ་སྒུག་བྱེད་པ་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་འཛམ་གླིང་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་ཞི་བདེའི་རྩ་བ་བརྟན་པོ་ཡོད་པ་དང་། ཀྲུང་གོས་ཞི་བདེའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་ལས“རྒྱལ་ཁབ་སྟོབས་འབྱོར་ལྡན་ཚེ་ཧམ་ཤེད་བྱེད་ངེས་ཡིན་པའི”གཏན་ཚིགས་ཁས་ལེན་གྱི་མེད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དབར་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་མཉམ་ལས་གཉིས་ཁེ་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དར་སྤེལ་གཏོང་གི་ཡོད། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། དྲང་བཞག་དྲང་བདེན་སྲུང་སྐྱོབ། ཐུན་མོང་ཐོག་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་མཉམ་ལས་ཀྱི་དར་སྤེལ་གཏོང་མཁན་དང་རྒྱལ་སྤྱིའི་ཕྱོགས་མང་རིང་ལུགས་ནང་ཧུར་ཐག་ཞུགས་མཁན་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཐད་རྒྱལ་ཁབ་གཞན་དག་གི་ཁེ་ཕན་བློས་མི་གཏོང་བར་དེ་ལས་ལྡོག་ཏེ་ཐུན་མོང་གི་ཁེ་ཕན་ཆེ་རུ་གཏོང་སྲིད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་དབྱིན་དབར་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་ཀྱང་འབྲེལ་བ་དམ་ཟབ་ཡོད། ད་ཕན་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་མཉམ་ལས་ཐད་འཕེལ་རྒྱས་མྱུར་པོ་བྱུང་ནས་བརྟན་ལྷིང་དང་སྐྱོན་བྲལ་གྱི་མགྱོགས་ལམ་ཐོག་མདུན་སྐྱོད་བྱེད་བཞིན་ཡོད། ངའི་རེ་བར་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྲོད་མུ་མཐུད་དུས་རབས་ཀྱི་སྣེ་ཁྲིད་དང་སྒོ་དབྱེ་བསྟུན་མཁས་ཀྱི་དཔེ་སྟོན་བྱས་ཏེ་ནུབ་ཕྱོགས་དང་ཀྲུང་གོའི་དབར་མཉམ་ལས་བྱེད་པའི་སྣེ་ཁྲིད་པར་གྱུར་བ་བྱས་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས“ནུབ་ཕྱོགས་འཛམ་གླིང་དུ་ཀྲུང་གོར་རྒྱབ་སྐྱོར་བྱེད་མཁན་སྟོབས་ཤུགས་ཆེ་ཤོས”ལག་བསྟར་བྱེད་དགོས། ཕུགས་དང་འཐབ་ཇུས་ཀྱི་མིག་རྒྱང་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱོན་ཡོངས་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོ་ཆུད་དེ་ཀྲུང་དབྱིན་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་མཐུད་ངང་ཕུན་སུམ་ཚོགས་སུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ་ཕ་རོལ་པོའི་འཕེལ་རྒྱས་དེ་རང་ངོས་ཀྱི་གོ་སྐབས་སུ་བརྩིས་ནས་མུ་མཐུད་བབ་བསྟུན་དངོས་སྒྲུབ་ངང་ཕྱོགས་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རང་སོ་སོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ་དང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཡ་རབས་ལྡན་པའི་སྐད་ཆ་ཤོད་རེས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་སྒོ་དབྱེའི་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་འཛམ་གླིང་གི་ཤེས་དཔལ་སྣ་མང་ཅན་ལ་སྐུལ་འདེད་གཏོང་དགོས། མཉམ་ལས་གཉིས་ཁེའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་འབྲེལ། ཀྲུང་དབྱིན་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོར་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་དང་ཡོ་རོབ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ཁྲོད་དུས་བསྟུན་འཕེལ་རྒྱས་གཏོང་ཐུབ་པ་བྱས་ཐོག་མི་མངོན་པའི་སྟོབས་ཤུགས་གསར་པ་ཟམ་མི་ཆད་པར་སྔོག་འདོན་བྱེད་པ་དང་། གསོན་ཤུགས་གསར་པ་འཕེལ་བར་བྱེད་པ། སྒུལ་ཤུགས་གསར་པ་སྣོན་པ་བཅས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ཁྲོད་སྔོན་དུ་སྐྱོད་ཕོད་པ་དང་འཛམ་གླིང་གི་འཕེལ་རྒྱས་དང་སྒྱུར་བཅོས་རླབས་རྒྱུན་གྱི་སྣེ་ཁྲིད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།