མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་ཐད་སྤུས་ཚད་
ལེགས་སུ་གཏོང་རྒྱུ་རྩ་བར་འཛིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་26ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གོང་ཚེས་ཉིན་ཁོར་ཡུག་སྲུང་སྐྱོང་པུའུ་དང་ནོར་སྲིད་པུའུ་ཡིས་ནན་ཅིང་དུ་མཉམ་འབྲེལ་ཐོག་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཁོར་ཡུག་ཡུག་འབྲེལ་བཅོས་སྒྲིག་ལས་ཀའི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2008ལོར་རྒྱལ་ཁབ་ཀྱིས“བྱ་དགར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི”སྲིད་ཇུས་ལག་བསྟར་བྱས་ཚུན་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་315བཏང་བ་དང་2014ལོའི་ལོ་མཇུག་བར་གྲོང་ཚོ་ཁྲི་5.9ལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཐད་ཀར་ཕན་པ་ཐོབ་པའི་མི་འབོར་དུང་ཕྱུར་1.1ལྷག་ཙམ་ཟིན་ཡོད། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་སྒྲིག་གཞི་ཚང་བའི་གྲོང་ཚོ་ཁྲི་7གྱི་ཁོར་ཡུག་བཅོས་སྐྱོང་གི་ལས་འགན་ལེགས་འགྲུབ་ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་ཐུབ་རྒྱུ་རེད།
         ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་ཁྲེན་ཅི་ཉིང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་གྲོང་གསེབ་ནི་གལ་ཆེའི་ནང་གི་གལ་ཆེན་དང་ཁོར་ཡུག་ནི་མི་འདང་ས་མངོན་གསལ་དོད་པོ་ཞིག་རེད། གྲོང་གསེབ་ཀྱི་ཁོར་ཡུག་ནི་ཆེས་ཉམས་ཞན་གྱི་དཀའ་གནད་ཅིག་ཡིན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཚད་བརྒལ་ཡོང་གཞི་དང་གསར་གཏོད་བྱེད་གཞི་ཞིག་ཀྱང་རེད། ཉེ་བའི་ལོ་བརྒྱད་རིང་ཁོར་ཡུག་དང་ནོར་སྲིད་ཚན་པས་ས་གནས་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་དམ་ཟབ་བྱས་ནས་སྒྲིག་གཞིའི་ལམ་སྲོལ་གསར་གཏོད་ཀྱིས་སྲིད་ཇུས་ཀྱི་བྱ་ཐབས་འཐུས་ཚང་དུ་བཏང་བ་དང་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་དམ་འཛིན་ནན་པོ་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་འབྲེལ་བཅོས་སྐྱོང་ལས་དོན་ཐད་ད་དུང་ངོས་འཛིན་མི་འདང་བ་དང་། མ་དངུལ་གཏོང་ཚད་མི་འདང་བ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཉམས་ཞན་ཡིན་པ། གྲོང་གསེབ་ཀྱི་ཁོར་ཡུག་དོ་དམ་ལམ་སྲོལ་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་ལྷག་ཡོད་པས་ས་གནས་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
         ཁྲེན་ཅི་ཉིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྤྱིའི་བསམ་ཕྱོགས་དང་དམིགས་ཚད་གཙོ་བོ་ནི། གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུ་གཞི་རྩའི་དམིགས་ཚད་དུ་བྱས་ནས་མི་དམངས་མང་ཚོགས་ལ་གནོད་འཚེ་བཟོ་བའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ལྟ་འདོམས་བྱེད་ནུས་ཆེ་རུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་བར་སྐུལ་མ་བཏང་སྟེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལེགས་གྲུབ་བྱུང་བའི་སྒྲིག་གཞི་ཚང་བའི་གྲོང་ཚོ་ཁྲི་13གསར་འཕར་བྱུང་ནས་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས་པ་དེ་ཡིན་པའི་ནན་བཤད་གནང་བ་རེད།
         དེར་བརྟེན་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གཙོ་གནད་དུ་འཛིན་རྒྱུ་སྟེ། དང་པོ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་འབྲེལ་བཅོས་སྒྲིག་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུ་དང་། གཉིས་པ། གྲོང་གསེབ་ཁྱོན་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་དམ་འཛིན་ཡག་པོ་བྱ་རྒྱུ། གསུམ་པ། གྲོང་གསེབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་མ་གཏིང་ཟབ་གཏོང་རྒྱུ། བཞི་པ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་གཞིའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད།
         ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལིའུ་ཁུན་གྱིས་དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་བྱས་ནས“བྱ་དགར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི”སྲིད་ཇུས་ལེགས་སྒྲིག་འཐུས་ཚང་དུ་གཏོང་བར་རྩ་དོན་གསུམ་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི་འགན་དབང་གསལ་འབྱེད་དང་འགན་འཁྲི་གསལ་བཟོ་དང་། གཉིས་ནི་འཆར་འགོད་སྣེ་ཁྲིད་དང་གཅིག་འདོམས་ལ་ཤུགས་སྣོན། གསུམ་ནི་ཡུལ་བབ་དང་བསྟུན་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བཅས་རེད་ཅེས་གསུངས།
          གོང་གསལ་གྱི་རྩ་དོན་གཞིར་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་སྟེ། གཅིག་ནས་ལྷོ་ཆུ་བྱང་འདྲེན་ལམ་རྒྱུད་དང་དེ་བཞིན་རྒྱལ་ཁབ་ཀྱི་གཙོ་གནད་འཐུང་ཆུའི་ཆུ་ཁུངས་ཉེ་འཁོར་གྱི་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ལྷོ་ཆུ་བྱང་འདྲེན་ལམ་རྒྱུད་ཀྱི་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་དང་ས་གནས་ཀྱི་ལས་ཀའི་ཇུས་གཞི་བཟོས་ཏེ་གཙང་པོ་དང་མཚེའུ་རྒྱུད་ཀྱི་གྲོང་ཚོའི་ཁོར་ཡུག་བཅོས་སྐྱོང་ཐད་གཅིག་འདོམས་བཀོད་སྒྲིག་བྱས་ནས་མ་དངུལ་གཅིག་སྡུད་ཀྱིས་གཙོ་གནད་འགན་ལེན་གྱིས“བཅོས་སྒྲིག་རེ་བྱས་པར་ཕན་འབྲས་རེ”ཐོན་པའི་འགན་ལེན་བྱས་ཏེ་གཙོ་གནད་འཐུང་ཆུའི་ཆུ་ཁུངས་ལ་སྲུང་སྐྱོང་དང་བཅོས་སྐྱོང་ནུས་ལྡན་ཐུབ་པ་བྱ་རྒྱུ་དང་། གཉིས་ནས་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་གསར་སྣོན་བྱས་པའི་གྲོང་ཚོ་ཁྲི་13གྱི་བཅོས་སྐྱོང་ལས་འགན་དོན་འཁྱོལ་ལ་སྐུལ་མ་བཏང་ནས་ལས་འགན་དེ་ཞིང་ཆེན་ལ་ཁག་བགོས་དང་། རྫོང་ལ་དོན་འཁྱོལ། གྲོང་ཚོར་ཚགས་ཚུད་བཅས་ཡོང་བར་བྱས་ཐོག་ག་པ་ཕྱོགས་ལ་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ཐད་ཚོད་སྐོར་བྱ་རྒྱུའི་མངགས་བཅོལ་གྱིས་ཧེ་བག་ཅན་གྱི་སྲིད་ཇུས་བརྒྱུད་དེ་ལྕག་སྐུལ་གཏོང་ཤུགས་དང་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསུམ་ནས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གི་མ་འཇོག་འཁོར་སྐྱོད་ཀྱི་ཕུགས་ཕན་ལམ་སྲོལ་གང་མགྱོགས་འཛུགས་པ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་གཉེར་སྐྱོང་གཙོ་བོ་སྐྱེད་སྲིང་བྱེད་པ། སྣ་མང་ཅན་གྱི་གྲོན་དངུལ་འགན་ལེན་ལམ་སྲོལ་འཛུགས་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་རྒྱུ་བཅས་རེད།
          ལིའུ་ཁུན་གྱིས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་མ་གཏོང་བ་དང་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དེས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་མ་འཇོག་བར་མཐོངས་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ལ་སྐུལ་མ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། དེར་བརྟེན་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་དང་མཉམ་དུ་ལས་ཀ་སྒྲུབ་ཚད་མགྱོགས་སུ་གཏོང་བ་དང་། རྩ་འཛུགས་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྔོན་རྩིས་ལག་བསྟར་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཉིད་ལས་སྟེགས་སུ་བྱ་རྒྱུར་རྒྱབ་སྐྱོར་དང“གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་འཛུགས་སྐྲུན། གཅིག་གྱུར་གཉེར་སྐྱོང”གི་རྩ་དོན་ལྟར་ནོར་སྲིད་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཅིག་སྡུད་ཐོག་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མ་འཇོག་བྱེད་དགོས་ཤིང་། སྲིད་ཇུས་ཀྱི་གཅིག་འདོམས་ལ་ཤུགས་སྣོན་རྒྱག་པ་དང་གཞོགས་འདེགས་མཉམ་ལས་ཧུར་ཐག་བྱས་ཏེ་ནོར་སྲིད་མ་དངུལ་གྱི་སྲིད་ཇུས་དེ་དངུལ་རྩ་དང་། རིན་གོང་། ཐོན་ལས་སོགས་སྲིད་ཇུས་ཀྱི་བྱ་ཐབས་ལ་བརྟེན་ནས་མཉམ་ཤུགས་ཆགས་པར་བྱས་ཐོག་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་མཉམ་དུ་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།