མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོ་སྣང་
བྱེད་དགོས་དོན་དྲུག

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་10ཚེས་12ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པར་གཞིགས་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད། ངེད་དྲ་བའི་རྩོམ་སྒྲིག་པས་ལེགས་སྒྲིག་བྱས་པའི་ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དོ་སྣང་བྱེད་དགོས་དོན་དྲུག་གཤམ་གསལ།
         【དོ་སྣང་བྱེད་དགོས་དོན་དང་པོ།】 ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དུས་ཚོད་ཇི་ལྟར་གཏན་འཁེལ་བྱེད་པ།
         《ཏང་གི་སྒྲིག་ཡིག་》ནང་གསལ་གཏན་འཁེལ་ལྟར་ན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐོང་འཚོག་བྱེད་རྒྱུ་དང་། ལོ་རེར་ཉུང་མཐའ་ཡང་ཐེངས་རེ་འཚོག་དགོས་པ་རེད།
         ཉེ་བའི་ལོ་ཤས་རིང་གི་གོམས་སྲོལ་ལ་གཞིགས་ན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནི་སྤྱིར་བཏང་དུ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་མཇུག་བསྒྲིལ་རྗེས་ཀྱི་ཉིན་གཉིས་པར་འཚོགས་ཤིང་། གྲོས་དོན་གཙོ་བོ་ནི་ཀྲུང་དབྱང་ཆབ་སྲིད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་སོགས་འདེམས་བསྐོ་བྱེད་རྒྱུའི་མི་སྣ་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་སྤྱིར་བཏང་དུ་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་རྗེས་ཀྱི་ལོ་གཉིས་པའི་ཟླ་གཉིས་པར་འཚོགས་པ་དང་། གཙོ་བོ་ཟླ་གསུམ་པར་འཚོག་རྒྱུའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་མཚམས་སྦྱོར་བྱེད་པ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣའི་འོས་མི་མཚམས་སྦྱོར་བྱེད་པ་རེད།
         ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བདུན་པའི་བར་ཀྱི་ཚང་འཛོམས་གྲོགྲོས་ཚོགས་འཚོག་རྒྱུའི་དུས་ཚོད་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐེངས་གཉིས་ཐོག་ནས་གཏན་འབེབས་བྱེད་པ་སྟེ། ཐེངས་གཅིག་ལ་ཚོགས་འདུ་འཚོག་རྒྱུའི་ཟླ་བ་གཏན་འཁེལ་བྱེད་པ་དང་། ཅིག་ཤོས་ལ་ཚོགས་འདུ་འཚོག་རྒྱུའི་དུས་ཚོད་བྱེ་བྲག་གཏན་འབེབས་བྱེད་པ་རེད།
         འདི་ལོའི་ཟླ་7ཚེས་20ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་“འདི་ལོའི་ཟླ་10པར་པེ་ཅིང་དུ་འཚོག་རྒྱུའི་”གཏན་འབེབས་བྱས་པ་དང་། ཟླ་10ཚེས་12ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་“ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་”གཏན་འཁེལ་བྱས་པ་རེད།
         【དོ་སྣང་བྱེད་དགོས་དོན་གཉིས་པ།】 ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་གང་དང་གང་ཡོད་པ།
         སྤྱིར་བཏང་དུ་བཤད་ན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོག་རྒྱུའི་ཟླ་བ་གཏན་འབེབས་བྱེད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དེའི་ཐོག་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ཀྱང་གཏན་འབེབས་བྱས་པ་རེད།
         སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་འབུལ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་བའི་སྐོར་གྱི་གྲོས་འགོར་གྲོས་ཞིབ་བྱེད་རྒྱུ་རེད།
         1995ལོའི་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནས་འགོ་བརྩམས་ནས་དེ་རྗེས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རེ་བཞིན་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་"ལོ་ལྔ་ཚན་གྱི་འཆར་འགོད"(ལོ་ལྔ་ཚན་བཅུ་གཅིག་པའི་སྔོན་ལ"ལོ་ལྔ་ཚན་གྱི་འཆར་གཞི"ཞེས་བརྗོད།)བཟོ་བའི་སྐོར་གྱི་གྲོས་འགོར་གྲོས་ཞིབ་བྱེད་རྒྱུ་གྲོས་ཚོགས་ཀྱི་གྲོས་རིམ་དུ་བཀོད་པ་རེད།
         ཀྲུང་དབྱང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ལ་ད་དུང་གྲོས་རིམ་གལ་ཆེན་ཞིག་ཡོད་པ་སྟེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་འབུལ་རྒྱུ་དེ་རེད། སྤྱིར་བཏང་དུ་བཤད་ན། ནམ་རྒྱུན་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་འགོ་བརྩམས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འཚོགས་རེ་བཞིན་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་འབུལ་དགོས་པ་རེད།
         གཞན་ཡང་ཀྲུང་དབྱང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱིས་ད་དུང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ཀྲུང་དབྱང་གི་ཨུ་ཡོན་དང་། ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ལ་རྩ་འཛུགས་ཐོག་ནས་ཐག་གཅོད་བྱེད་དོན་གྲོས་ཐག་གཅོད་ཀྱི་ཡོད། དུས་མཚུངས་སུ་ཀྲུང་དབྱང་གི་ཨུ་ཡོན་ལ་སྟོང་ལུས་བྱུང་ཚེ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱིས་ད་དུང་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ནས་འདེམས་ཤོག་མང་ཉུང་གི་གོ་རིམ་ལྟར་ཁ་སྣོན་བྱེད་རྒྱུའི་གཏན་འཁེལ་བྱེད་རྒྱུ་རེད།
         【དོ་སྣང་བྱེད་དགོས་དོན་གསུམ་པ།】 ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་འདི་སུས་གཙོ་སྐྱོང་གནང་བ་དང་མི་སུ་དང་སུ་ཚོགས་འདུར་ཞུགས་རྒྱུ་ཡིན་པ།
         《ཏང་གི་སྒྲིག་ཡིག་》ནང་འཁོད་གཏན་འབེབས་ལ་གཞིགས་ནས་ཀྲུང་དབྱང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་རྒྱུ་རེད།
         ཀྲུང་དབྱང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཡིན་པས། ཀྲུང་དབྱང་གི་ཨུ་ཡོན་དང་། ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཚོ་གྲོས་ཚོགས་སུ་ཞུགས་དགོས་པ་སྨོས་མེད་རེད།
         【དོ་སྣང་བྱེད་དགོས་དོན་བཞི་པ།】 ཀྲུང་དབྱང་གིས"ལོ་ལྔ་ཚན་བཅུ་གཉིས"ལ་གདེང་འཇོག་ཇི་ལྟར་བྱེད་པ།
         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བལྟས་ན། "ལོ་ལྔ་ཚན་བཅུ་གཉིས་པའི་"རིང་ནི་རང་རྒྱལ་གྱི་འཕེལ་རྒྱས་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་ཞིང་། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་ལས་འགན་གྱི་མདུན་དུ་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྙིང་རུས་ཆེན་པོས་བརྩོན་ལེན་དང་གསར་གཏོད་སྲོལ་འབྱེད་བྱས་ནས་སྟོབས་ཤུགས་ཡོད་རྒུས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བསིང་རྣམ་པ་གསར་པ་བཏོད་དེ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་གལ་ཆེན་པོ་ཐོབ་ཡོད། "ལོ་ལྔ་ཚན་བཅུ་གཉིས་པའི་"འཆར་འགོད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་གྲབས་ཡོད་ལ། རང་རྒྱལ་གྱི་དཔལ་འབྱོར་ཤུགས་དངོས་དང་། ཚན་རྩལ་ཤུགས་དངོས། རྒྱལ་སྲུང་ཤུགས་དངོས། རྒྱལ་སྤྱིའི་ཐོག་བག་ཆགས་འཇོག་ནུས་བཅས་བསྐྱར་དུ་སྐས་རིམ་ཆེན་པོ་ཞིག་ཏུ་འཕེལ་ཡོད་པ་རེད།
         【དོ་སྣང་བྱེད་དགོས་དོན་ལྔ་པ།】 ཀྲུང་དབྱང་གིས་"ལོ་ལྔ་ཚན་བཅུ་གསུམ་པའི་"སྒྲུབ་ཕྱོགས་གཏན་འབེབས་ཇི་ལྟར་་བྱེད་པ།
         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་2020ལོར་སླེབས་དུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་འཛུགས་སྐྲུན་བྱེད་རྒྱུ་ནི་ང་ཚོའི་ཏང་གིས་གཏན་འཁེལ་བྱས་པའི"ལོ་བརྒྱ་ཐམ་པ་གཉིས"ཀྱི་འབད་བརྩོན་བྱེད་རྒྱུའི་དམིགས་ཡུལ་གྱི་ལོ་བརྒྱ་ཐམ་པ་དང་པོའི་འབད་བརྩོན་བྱེད་རྒྱུའི་དམིགས་ཡུལ་ཡིན་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་དུས་རིམ་ཡིན་པས། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ངེས་པར་དུ་འབད་བརྩོན་དམིགས་ཡུལ་འདི་ཉིད་མངོན་འགྱུར་བྱེད་རྒྱུར་དམ་པོ་དམིགས་ནས་བཟོ་འགོད་བྱེད་དགོས། མིག་སྔར་ཞི་བདེ་དང་འཕེལ་རྒྱས་དུས་རབས་ཀྱི་བརྗོད་གཞི་གཙོ་བོ་ཡིན་པ་འགྱུར་བ་བྱུང་མེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་རྒྱུན་རྣམ་གསར་པར་བསྐྱོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ནི་མདུན་ལམ་ཆེན་པོ་ཡོད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལ་འཕྲད་ཡོད་ལ། འགལ་ཟླ་སྣ་ཚོགས་ཕན་ཚུན་བརྩེགས་སྣོན་གྱི་འགྲན་སློང་དྲག་པོ་ཡང་འཕྲད་ཡོད། ང་ཚོས་འཐབ་ཇུས་ཀྱི་གོ་སྐབས་བཟང་པོའི་ནང་དོན་འགྱུར་ལྡོག་གཏིང་ཟབ་པོ་བྱུང་ཚུལ་ཁོང་ཆུད་གནད་དུ་འཁེལ་བར་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་སྔར་ལས་ནུས་ལྡན་བྱེད་དགོས་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་བཏིང་བའི་རྨང་གཞི་བརྟན་པོའི་ཐོག  ད་ཡིད་ཆེས་སྔར་ལས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། སྙིང་སྟོབས་ཆེར་བསྐྱེད་བཅས་བྱས་ནས་མུ་མཐུད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་ལས་དོན་ལེགས་པར་བསྒྲུབས་ནས་མདུན་ལྗོངས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་གཏོད་དགོས་ཞེས་བསྟན་པ་རེད།
         ཀྲུང་དབྱང་གིས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་པ་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་ནི་ལས་འགན་གཙོ་བོ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ། ཏང་ལེགས་སྐྱོང་བཅས་ལ་སྐུལ་སྤེལ་བཏང་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པར་ཁག་ཐེག་ཏན་ཏིག་བྱས་ཏེ་ལོ་བརྒྱ་ཐམ་པ་གཉིས་པའི་འབད་བརྩོན་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
         【དོ་སྣང་བྱེད་དགོས་དོན་དྲུག་པ།】 འཆར་འགོད་གྱི་གྲོས་གཞི་དང་འཆར་འགོད་ཀྱི་རྩ་གནད་གཉིས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་པ།
         ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི"ལོ་ལྔ་ཚན་བཅུ་གསུམ་པའི་"འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་ཡིས་རང་རྒྱལ་གྱིས"ལོ་ལྔ་ཚན་བཅུ་གསུམ་པའི་"འཆར་འགོད་ཀྱི་རྩ་གནད་བཟོ་རྒྱུར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། "ལོ་ལྔ་ཚན་བཅུ་གསུམ་པའི་"འཆར་འགོད་ཀྱི་རྩ་གནད་བཟོ་འགོད་བྱས་ཚར་རྗེས། ཁྲིམས་བཀོད་གོ་རིམ་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པར་ཞིབ་བཤེར་ཆོག་མཆན་གནང་བར་འབུལ་རྒྱུ་རེད།
         དེ་སྔོན་གྱི་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་》ཡི་འཆར་ཟིན་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནས་བསམ་འཆར་བསྡུ་ལེན་བྱས་པ་རེད། ས་ཁུལ་ཁག་དང་། སྡེ་ཁག་ཁག འབྲེལ་ཡོད་ཕྱོགས་སོ་སོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མི་ཚོ་བཅས་ཀྱིས་གྲོས་འགོ་མ་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་དག་ཡིག་ཆའི་མ་ཟིན་ནང་བསྡུ་ལེན་དང་མཚོན་ཐབས་གང་ལེགས་བྱས་པ་རེད།