མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་སྐབས་18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གུང་སྐབས་18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2015ལོའི་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་པ་རེད།
         ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་གི་ཨུ་ཡོན་199དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་156ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ནང་ནས་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་ཀྱང་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
         ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཞིས་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་དང་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞིས་ཅིན་ཕིང་གིས་《གྲོས་འགོའི་(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བ་དང་། ཡང་སྒོས་དཔལ་འབྱོར་གྱི་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་འགྲན་སློང་ལ་ཕྱོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས། རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་ནང་དོན་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་པ་གསར་པར་སྣེ་ཁྲིད་ཧུར་ཐག སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ལ་ཤུགས་རྒྱག་པ་དང་གསར་གཏོད། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་ངང་སེལ་བ། དཔལ་འབྱོར་བརྟན་པོ་དང་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་བཅས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་ངོས་འཛིན་བྱས་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ནི་རང་རེའི་ཏང་གིས་གཏན་ལ་འཁེལ་བའི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་ཤིག་ཡིན་པས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ངེས་པར་དུ་འབད་འཐབ་དམིགས་ཚད་མངོན་འགྱུར་ལ་དམ་པོར་དམིགས་ནས་བཟོ་དགོས་པའི་ངོས་འཛིན་གནང་བ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོགས་ནས་རང་རེའི་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འབུངས་སྟོབས་བརྩོན་དང་གསར་འབྱེད་གསར་གཏོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་མ་ཟད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རྒྱལ་སྤྱིར་ཤུགས་རྐྱེན་བཅས་སླར་ཡང་སྐས་རིམ་གསར་པར་སླེབས་པའི་ངོས་འཛིན་བྱས་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བའི་ཐོག་ལག་ལེན་ཕོད་པ་དང་གསར་གཏོད་གནང་སྟེ་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངོས་འཛིན་ཟབ་ཏུ་བཏང་བའི་ཐོག་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཆགས་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྒྱུར་བཅོས་སྒོ་འབྱེད་ཟབ་ཏུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཁོ་འདོན་གནང་ཡོད་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་གོ་སྐབས་གལ་ཆེན་དུ་གནས་ཡོད་ལ། འགལ་ཟླ་སྣ་ཚོགས་དང་ཉེན་ཁ་དང་བག་ཉལ་རྐྱེན་ངན་མང་བའི་ཛ་དྲག་གི་འགྲན་སློང་ཡང་འཕྲད་པའི་ངོས་འཛིན་གནང་ཡོད། ང་ཚོས་འཐབ་ཇུས་གོ་སྐབས་ཀྱི་ནང་དོན་གྱི་འགྱུར་ལྡོག་ཟབ་མོར་སྟངས་འཛིན་ཐུབ་པ་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དེ་བས་ནུས་ལྡན་ངང་ཁ་གཏད་གཅོག་པ་དང་མུ་མཐུད་སྟོབས་ཤུགས་གཅིག་བསྡུད་བྱས་ཏེ་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབས་ནས་བསམ་བློ་གཏོང་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་དང་འཕེལ་རྒྱས་གཏོང་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་བཏོན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་པ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་ཆགས་པར་བྱེད་པ་དང་། འཐབ་ཇུས་ཀྱི་ཚུགས་ནུས་རྒྱུན་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན། ཏང་འཛུགས་སྐྱོང་བཅས་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཐོག དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ངེས་པར་དུ་གཤམ་གྱི་རྩ་དོན་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ། མི་དམངས་ཀྱི་གནས་བབ་གཙོ་བོ་མཐའ་འཁྱོངས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་བླང་བྱ་བཏོན་དོན། དཔལ་འབྱོར་མྱུར་ཚད་འབྲིང་སྟོད་སྒོ་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། བསྟུན་མཁས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་གོང་མཐོར་གཏོང་བའི་རྨང་གཞིའི་ཐོག་2020ལོར་སླེབས་སྐབས་རྒྱལ་ནང་གི་ཐོན་སྐྱེད་ཐོན་རྫས་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ་དང་ཐོན་ལས་ཆུ་ཚད་འབྲིང་མཐོར་སླེབས་པ་དང་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་པོས་ཆེ་རུ་བཏང་ཐོག་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐེམ་ཐོའི་མི་འབོར་མགྱོགས་མྱུར་འཕར་བ་བྱེད་དགོས། ཞིང་ལས་དེང་རབས་ཅན་འཕེལ་རྒྱས་མངོན་གསལ་དོད་དུ་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ངང་གོང་མཐོར་བཏང་ནས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས། རྒྱལ་དམངས་བྱང་ཚད་དང་སྤྱི་ཚོགས་ཤེས་དཔལ་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་གཏོང་དགོས། ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དང་དེ་བས་གཏན་འཁེལ་ཡོང་བ་བྱས་ཐོག རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་འགངས་ཆེན་ཡོང་བ་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ནས་འཕེལ་རྒྱས་ཀྱི་ལེགས་ཆ་འཐུས་སྒོ་ཚང་དུ་གཏོང་བར་ངེས་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་རོལ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་འབྲེལ། ལག་བསྟར་ཏན་ཏིག་བྱེད་དགོས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་གཏིང་ཟབ་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྒྱུར་བཅོས་དེའི་དངོས་ཡོད་དོན་སྙིང་དང་ཕུགས་ཀྱི་ལོ་རྒྱུས་དོན་སྙིང་འགངས་ཆེན་ངོས་འཛིན་གང་ལེགས་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཕེལ་རྒྱས་གསར་གཏོད་མཐའ་འཁྱོངས་བྱེད་པར་ངེས་པར་དུ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་སོགས་ཕྱོགས་ཁག་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་གསར་གཏོད་བྱ་རྒྱུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ལ་ཁྱབ་པ་དང་གསར་གཏོད་བྱ་རྒྱུ་སྤྱི་ཚོགས་ཡོངས་སུ་དར་སྲོལ་ཆགས་པར་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་མདོ་གནད་དེ་གསར་གཏོད་ཐོག་བཞག་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་སྒྲོམ་གཞི་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལེགས་ཆ་དེ་བས་མང་བ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་གསར་གཏོད་བྱེད་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱས་ཏེ་ངལ་རྩོལ་ནུས་ཤུགས་དང་། མ་རྩ། ས་ཆ། ལག་རྩལ། དོ་དམ་སོགས་རྒྱུ་རྐྱེན་བཀོད་སྒྲིག་བྱ་རྒྱུ་ལེགས་སུ་བཏང་ནས་གསར་གཏོད་དང་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། སྤྱི་དམངས་ཀྱི་ལས་གཏོད་དང་དམངས་ཡོངས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ། དགོས་མཁོ་གསར་པ་ལྷུག་གཏོང་བྱེད་པ། མཁོ་སྤྲོད་གསར་པ་གསར་གཏོད་བྱེད་པ། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་སྒོ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་བཀོད་སྒྲིག་ཁོང་དུ་ནན་པོ་ཆུད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་ཁྲོད་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་མ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་བ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་གསར་པ་གོམ་པ་གཅིག་མཚུངས་ཀྱིས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་འཇམ་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ནས་ངེས་པར་དུ་མཐུན་སྦྱོར་འཕེལ་རྒྱས་ཁྲོད་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་བཏང་ནས་ཉམས་ཞན་ཁྱབ་ཁོངས་ཁྲོད་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་དང་། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཛའ་མཐུན་རྣམ་པའི་སྤྱི་ཚོགས་མགྱོགས་མྱུར་སྐྲུན་ཐོག མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་བྱེད་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ལ་སྐུལ་མ་གཏོང་རྒྱུའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས་བྱེད་པར་ངེས་པར་དུ་རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་ནང་མཉམ་བསྲེས་གཏིང་ཟབ་བྱེད་པའི་འགྲོ་ཕྱོགས་དང་བསྟུན་ནས་གཉིས་ཁེ་གཉིས་ཐོབ་ཀྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་བསྟར་བ་དང་། རིམ་པ་སྔར་བས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྤྱི་པའི་ཐོན་རྫས་མཁོ་འདོན་ནང་ཧུར་ཐག་ཞུགས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ཀྱི་རང་རྒྱལ་གྱི་ལམ་ལུགས་རང་བཞིན་གྱི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱ་ཁྱབ་ཀྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་སྐྲུན་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། འཕེལ་རྒྱས་མཐའ་འཁྱོངས་དང་ལོངས་སྤྱོད་བྱེད་པར་ངེས་པར་དུ་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་གཏོང་བར་མི་དམངས་ལ་བརྟེན་པ། མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་དང་སྔར་བས་གོ་ཆོད་པའི་ལམ་ལུགས་བཀོད་སྒྲིག་བྱས་ཏེ་མི་དམངས་ཡོངས་ཀྱིས་འཕེལ་རྒྱས་ཐུན་མོང་ཐོག་འཛུགས་སྐྱོང་དང་ལོངས་སྤྱོད་བྱེད་རིང་ཐོབ་པའི་ཚོར་སྣང་སྔར་བས་ཆེ་རུ་འགྲོ་བ་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་མཐུན་སྒྲིལ་ལ་ཤུགས་བརྒྱབ་ནས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ནི་ཏང་གིས་སྲིད་སྐྱོང་དང་རྒྱལ་ཁབ་དར་བར་བྱེད་པའི་གལ་ཆེའི་ལས་འགན་ཨང་དང་པོ་ཡིན་པར་བརྟེན། རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གི་རིམ་ཁག་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་རྒྱག་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱིའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
         ཚང་འཛོམས་གྲོས་ཚོགས་ཐོག་དེང་སྐབས་ཀྱི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་《གྲོས་འགོའི་》ནང་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ཁག་དངོས་སུ་དོན་འཁྱོལ་བྱ་རྒྱུ་དེ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་སྒྲིག་གི་གཏན་འབེབས་གཞིར་བཟུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལིའུ་ཞའོ་ཁའེ་དང་། ཁྲེན་ཀྲི་རུང་། ཅིན་ཀྲེན་ཅི་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་གསབ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ལིང་ཅི་ཧྭ་དང་། ཀྲོའུ་པེན་ཧྲུན། དབྱང་ཏུང་ལེའང་། ཀྲུའུ་མིན་གོ ཝང་མིན། ཁྲེན་ཁྲོན་ཕིང་། ཁྲོའུ་ཧོ། དབྱང་ཝུའེ་ཙེ། ཧྥན་དབྱི་དབྱང་། ཡུས་ཡོན་ཧུའེ་བཅས་ཀྱི་སྒྲིག་འགལ་གནད་དོན་ཚབས་ཆེན་ལ་ཞིབ་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུར་གྲོས་ཞིབ་གྲོས་འཆམ་བྱས་ནས་དེ་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལིང་ཅི་ཧྭ་དང་། ཀྲོའུ་པེན་ཧྲུན། དབྱང་ཏུང་ལེའང་། ཀྲུའུ་མིང་གོ ཝང་མིན། ཁྲེན་ཁྲོན་ཕིང་། ཁྲོའུ་ཧོ། དབྱང་ཝུའེ་ཙེ། ཧྥན་དབྱི་དབྱང་། ཡུས་ཡོན་ཧུའེ་བཅས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་གཅོད་དེ་གཏན་འཁེལ་བྱས་པ་རེད།
         ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་མི་བརྒྱ་སེམས་གཅིག་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཕམ་ཐག་གཅོད་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ཐུན་མོང་ཐོག་ལེན་དགོས་པའི་འབོད་སྐུལ་བྱས་པ་རེད།

༄༅།།ཀྲུང་གུང་སྐབས་18པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས།