མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཞལ་པར་བསྐྱོན་རེས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་ཞལ་པར་བསྐྱོན་རེས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མི་རིང་གོང་ང་ཚོས་ཕ་རི་སིའི་མཇལ་འཛོམས་ཐོག་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་མི་ཉུང་བ་བྱུང་ཡོད། ལོ་གསར་པ་འཆར་ལ་ཉེ་བའི་སྐབས། ཀྲུང་གོ་དང་ཨ་རིའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་འཕྲད་ལ། འགྲན་སློང་ཡང་ཁག་གཅིག་འཕྲད་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་སྤེལ་རེས་མཉམ་ལས་ལ་སྐུལ་མ་བཏང་སྟེ་དགེ་མཚན་ལྡན་པའི་ཐབས་ལམ་ཐོག་ནས་འདོད་ཚུལ་མི་མཐུན་པ་དང་ཚོར་བ་སྐྱེན་པའི་གནད་དོན་དོ་དམ་ཚོད་འཛིན་གྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་ཡང་དག་ཕྱོགས་སུ་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས།
         ཨའོ་པ་མས་མི་རིང་གོང་ཕ་རི་སིར་ཀྲུའུ་ཞི་ཞིས་ཅིན་ཕིང་དང་མཇལ་འཛོམས་ལམ་ལྷོངས་བྱུང་བར་དགའ་སྤྲོ་ཤིན་ཏུ་ཆེ། ཕྱོགས་གཉིས་ཀས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་རྟག་ཏུ་མཐུན་སྦྱོར་རྒྱུན་འཁྱོངས་ཡོང་བ་བྱས་པ་དེས་ཨ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱི་དོན་སྙིང་ཆེན་པོ་ལྡན། གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ཐོག་ཕྱོགས་ཁག་གིས་གྲོས་མོལ་གཏིང་ཟབ་བྱས་ནས་མཐར་དགེ་མཚན་ལྡན་ལ་ནུས་པ་ཆེ་བའི་གྲོས་མཐུན་འཇོག་རྒྱུར་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་ཐུབ་པ་བྱུང་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དམ་ཟབ་ཡོང་བ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བར་སྐུལ་མ་བཏང་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་ང་ཚོས་མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་གྱི་འགོ་འཛུགས་བྱེད་སྒོར་ཞུགས་པ་དང་། གནམ་གཤིས་འགྱུར་ལྡོག་སྐོར་གྱི་གནད་དོན་ཐད་འབྲེལ་གཏུག་ཡང་ཡང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་དང་ཨ་རིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཡར་སྐུལ་གྱི་བརྡ་འཕྲིན་ཞིག་སྤེལ་ཡོད། ཕ་རི་སིའི་ཚོགས་ཆེན་གྱི་གྲོས་མོལ་མཇུག་འགྲིལ་ལ་ཉེ་བའི་སྐབས་ཀྲུང་གོ་དང་ཨ་རི་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། མཉམ་དུ་འབད་བརྩོན་བྱས་ནས་ཕ་རི་སིའི་ཚོགས་ཆེན་ཐོག་གི་གྲོས་མཐུན་དུས་བཀག་བཞིན་འགྲུབ་ཐུབ་པ་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་ཡོད་ཅེས་ནན་བཤད་གནང་བ་རེད།

  
215-12-09 2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30