མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུར་ཕེབས་ནས་གསུང་
བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུར་ཕེབས་ནས་གསུང་
བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུ་དེ་ཟླ་12ཚེས་11ནས་12ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད་པའི་འགག་རྩ་ནི་སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཞིང་ནན་པའི་སྒྲིག་ལམ། ནན་ཞིང་ཕོད་པའི་འགན་སེམས་བཅས་ལྡན་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། ཏང་གི་སློབ་གྲྭས་འགོ་ཁྲིད་ལས་བྱེད་པར་འཚོ་བཅུད་གསབ་པ་དང་སྲ་རྩ་བརྟན་གཏོང་གི་ལས་འགན་གལ་ཆེན་སྒྲུབ་འགན་འཁུར་ཡོད་པས་ངེས་པར་དུ་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པའི་ཏང་གི་སློབ་གྲྭའི་ལས་དོན་གྱི་རྩ་བའི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ལ་སྔར་བས་མཐོང་ཆེན་བྱས་ནས་དུས་བབ་གསར་པའི་འོག་གི་ཏང་གི་སློབ་གྲྭའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞའོ་ཀྲང་ལིའུ་ཡུན་ཧྲན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཏང་གི་སློབ་གྲྭའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་སློབ་གྲྭ་ནི་རང་རེའི་ཏང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་རེད། ཀྲུང་དབྱང་ནས་ས་གནས་བར་ཏང་གི་སློབ་གྲྭའི་མ་ལག་བསྐྲུན་པ་དང་ལས་བྱེད་པ་ཆེད་མངགས་སློབ་གསོ་གཏོང་ས་དང་གསོ་སྦྱོང་བྱེད་ས་ཞིག་ཡིན་པས་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཞིག་རེད། དུས་ཡུན་རིང་པོའི་ནང་རང་རེའི་ཏང་གིས་ཏང་གི་སློབ་གྲྭའི་གཡུལ་ས་དེ་གང་ལེགས་སྤྱད་དེ་འགོ་ཁྲིད་རྐང་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་ནས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་ཟམ་མི་ཆད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། རིམ་ཁག་ཏང་ཨུད་ཀྱིས་དུས་བབ་གསར་པའི་འོག་གི་ཏང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་འགན་འཁྲིའི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་བཏང་ནས་རང་རེའི་ཏང་གི་དམིགས་བསལ་གྱི་ལེགས་ཆ་རྒྱུན་འཁྱོངས་ཡག་པོ་དང་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པས་སློབ་ཁྲིད་ཀྱི་བྱེད་སྒོ་མཐའ་དག་དང་། ཚན་ཞིབ་ཀྱི་བྱེད་སྒོ་མཐའ་དག སློབ་གཉེར་གྱི་བྱེད་སྒོ་མཐའ་དག་བཅས་ལ་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་སྲུང་བརྩི་ཞུས་ནས་ཏང་གི་དར་ཆ་དེ་དར་ཆར་བྱེད་པ་དང་། ཏང་གི་བསམ་འདུན་དེ་བསམ་འདུན་དུ་བྱེད་པ། ཏང་གི་ལས་འགན་དེ་ལས་འགན་དུ་བྱེད་རྒྱུ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཏང་མིས་ཏང་གི་སྐད་ཆ་ཤོད་པ་དང་། ཏང་མིས་ཏང་ལ་དགའ་ཞེན་བྱེད་པ། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ནས་མཐར་གཏུགས་ནས་བརྗོད་ན་བསམ་བློ་དང་ཆབ་སྲིད་བྱ་སྤྱོད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པས་དང་ཐོག་ཏང་གི་དར་ཆ་གསལ་པོར་བཏོན་ནས་ཏང་དར་དེ་རིམ་ཁག་ཏང་གི་སློབ་གྲྭའི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཏང་གི་སློབ་གྲྭ་ནི་ལས་བྱེད་པར་སློབ་གསོ་གཏོང་ས་དང་གསོ་སྦྱོང་བྱེད་ས་ཞིག་ཡིན་པས་འགོ་ཁྲིད་ལས་བྱེད་པ་ཚོ་ཏང་གི་སློབ་གྲྭའི་ནང་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་གཅིག་སྡུད་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་ཚང་མར་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་རྒྱུར་རོགས་རམ་བྱེད་རྒྱུ་དེ་ཡིན། ཏང་གི་སློབ་གྲྭས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཏང་གི་སློབ་གྲྭའི་ལས་དོན་མཐའ་དག་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དེ་ཐོག་ནས་ཏང་གི་སློབ་གྲྭའི་ལས་དོན་གྱི་ལྟེ་བ་ནི་ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོར་དམ་འཛིན་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད། འགོ་ཁྲིད་ལས་བྱེད་པ་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་པར་ཡོང་བའི་ལས་འགན་གཙོ་བོ་ནི་ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་ཀྱི་སློབ་གསོ་དང་ལེན་བྱ་རྒྱུ་དེ་རེད། ཏང་གི་སློབ་གྲྭ་ནི་རང་རེའི་ཏང་གིས་འགོ་ཁྲིད་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་གཏོང་བའི་གཡུལ་ས་གཙོ་བོ་ཡིན་པས་ངེས་པར་དུ་སློབ་མ་ཚོར་རྩོད་སྒྲུབ་ཀྱི་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་བརྟག་ཐབས་སྨྲ་བ་སློབ་སྦྱོང་དང་ཁོང་དུ་ཧུར་ཐག་ཆུད་རྒྱུར་ཁྲིད་སྟོན་དང་སྐུལ་མ་གཏོང་བ་དང་། ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དེ་རིགས་པའི་གཞུང་ལུགས་ཀྱི་སློབ་གསོའི་ལྟེ་བའི་ནང་དོན་དུ་བརྩིས་ནས་འཐབ་ཇུས་ཀྱི་བསམ་གཞིག་བྱེད་ནུས་དང་། རྩོད་སྒྲུབ་ཀྱི་བསམ་གཞིག་བྱེད་ནུས། ཕྱོགས་བསྡུས་ཀྱི་ཐབས་ཇུས་ནུས་པ། ཁྱོན་ཡོངས་ཀྱི་ཁ་ལོ་སྒྱུར་ནུས་བཅས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གཤིས་སློབ་གསོ་ནི་གུང་ཁྲན་ཏང་མིའི་རང་གཅུན་བློ་སྦྱོང་ཐད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད། རིམ་ཁག་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བརྩིས་ནས་ཕུགས་བསམ་དད་སེམས་སློབ་གསོ་དང་ཏང་གི་དམིགས་ཡུལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏོང་རྒྱུ་དེ་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་དགོས། ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོའི་ནང་དོན་ལ་ཤུགས་སྣོན་རྒྱག་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དུས་ཚོད་འདང་ངེས་བཀོད་སྒྲིག་བྱས་ཏེ་ཏང་གཤིས་སློབ་གསོའི་སློབ་ཚན་གྱི་མ་ལག་གྲུབ་པར་བྱས་ཐོག་ཏང་གཤིས་སློབ་གསོའི་བྱ་ཐབས་དང་བྱེད་ཐབས་ལེགས་སུ་ནུས་ལྡན་བཏང་ནས་ཏང་གཤིས་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་ངོ་བོ་ནི་ཏང་ཡིན་པ་དེ་ཐོག་ནས་ཏང་གི་སློབ་གྲྭའི་ཚན་ཞིབ་དེ་ཏང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་སྤེལ་དགོས་པ་དང་། ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཐད་བྱས་རྗེས་བཞག་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྲ་བརྟན་དུ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། ཏང་གི་སློབ་གྲྭས་དུས་རབས་ཀྱི་འཕོ་འགྱུར་དང་ལག་ལེན་གྱི་འཕེལ་རྒྱས་ལ་གཞིགས་ནས་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་དང་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས། ཏང་གི་སློབ་གྲྭས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་དང་། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། སྤྱི་ཚོགས་ཀྱི་གླེང་མང་བ་དང་དཀའ་གནད་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་དོ་ཁུར་བྱས་ནས་བསམ་བློའི་རིགས་པའི་གཞུང་ལུགས་གལ་ཆེན་གྱི་འཕེལ་ཚུལ་དུས་ཐོག་ཏུ་མཚོན་པར་བྱས་ནས་རིན་ཐང་ཡོད་པའི་ཐབས་ཇུས་དང་གྲོས་འགོ་འདོན་དགོས། ཏང་གི་སློབ་གྲྭ་ཉིད་ཏང་དང་རྒྱལ་ཁབ་ཀྱི་རིག་མཛོད་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་དགེ་རྒན་ནི་རང་རེའི་ཏང་གིས་ཐད་ཀར་སྟངས་འཛིན་བྱེད་པའི་དགེ་རྒན་དཔུང་ཁག་ཅིག་ཡིན་ལ་རང་རེའི་ཏང་གི་རྙེད་དཀའ་བའི་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཀྱང་ཡིན། ཏང་གི་སློབ་གྲྭའི་དགེ་རྒན་ལ་ཆ་མཚོན་ན། ཐོག་མར་ཏང་གི་སློབ་གྲྭའི་ངོ་བོ་དེ་ཏང་ཡིན་པ་དང་ཏང་གི་སློབ་གྲྭའི་དགེ་རྒན་གྱི་ངོ་བོ་དེ་ཏང་ཡིན་པ་རང་རྟོགས་ངང་མཐའ་འཁྱོངས་བྱས་ཏེ་རང་ཉིད་ཏང་གི་སློབ་གྲྭའི་དགེ་རྒན་ཡིན་པ་རྟག་ཏུ་ཡིད་ལ་ངེས་པ་དང་། ཏང་གི་སློབ་གྲྭར་དགའ་ཞེན། མཚན་སྙན་ལ་གཅེས་སྤྲས། རང་ངོས་ཀྱི་ཏང་གཤིས་སྦྱོང་བརྡར་ཐད་སྔར་བས་ནན་པོ་བྱེད་པ། བྱ་སྤྱོད་ངོ་མའི་ཐོག་ནས་སློབ་མར་ཤུགས་རྐྱེན་ཐེབས་ཐུབ་པ་དང་ཁྲིད་སྟོན་བཅས་བྱེད་དགོས། ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི“དགེ་རྒན་གྲགས་ཅན་གྱི་འདུ་འགོད”ལག་བསྟར་བྱས་ནས་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བ་དང་། ལས་སྒོ་འཇོན་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དགེ་རྒན་སྐད་གྲགས་ཅན་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཁས་དབང་ཁག་གཅིག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་དཀར་བ་དང་རིག་ཚན་ཁྱབ་ཁོངས་སུ་ཤུགས་རྐྱེན་ལྡན་པའི་རིགས་གཅིག་མཁས་ཅན་ཁག་གཅིག་བཅས་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་ཨུད་ཀྱིས་ཏང་གི་སློབ་གྲྭའི་ལས་དོན་ལ་འགོ་འཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། རིམ་ཁག་ཏང་ཨུད་ནི་ཏང་གི་སློབ་གྲྭ་གཉེར་བ་དང་། ཏང་གི་སློབ་གྲྭར་དོ་དམ། ཏང་གི་སློབ་གྲྭ་འཛུགས་སྐྲུན་བཅས་ཀྱི་བྱེད་པོ་ཡིན་པ་དང་། ཏང་ཨུད་ཧྲུའུ་ཅི་ནི་ཏང་གི་སློབ་གྲྭ་གཉེར་བ་དང་། ཏང་གི་སློབ་གྲྭར་དོ་དམ། ཏང་གི་སློབ་གྲྭ་འཛུགས་སྐྲུན་བཅས་ཀྱི་འགན་འཁྲི་འཁུར་མཁན་དང་པོ་ཡིན། ཏང་ཨུད་ཀྱིས་ཏང་གི་སློབ་གྲྭ་གཉེར་བ་དང་། ཏང་ཨུད་ཀྱིས་ཏང་གི་སློབ་གྲྭར་དོ་དམ། ཏང་ཨུད་ཀྱིས་ཏང་གི་སློབ་གྲྭ་འཛུགས་སྐྲུན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སློབ་གྲྭའི་ལས་དོན་ཉིད་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་ཏང་གི་སློབ་གྲྭར་དཀའ་ངལ་ངོ་མ་སེལ་རོགས་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི་ལས་དོན་སྲོལ་ཡིག་》དང་《དུས་བབ་གསར་པའི་འོག་གི་ཏང་གི་སློབ་གྲྭའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་གི་སློབ་གྲྭའི་འགོ་ཁྲིད་ཚན་ཁག་ཧྲག་འདེམས་ཧྲག་སྒྲིག་བྱས་ནས་ལས་བྱེད་པ་ཕུལ་བྱུང་རྣམས་ཏང་གི་སློབ་གྲྭའི་འགོ་ཁྲིད་ཚན་ཁག་ནང་བདམས་ནས་ཕུན་སུམ་ཚོགས་སུ་གཏོང་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་གི་སློབ་གྲྭས་ཏང་ནན་པོ་སྐྱོང་བའི་བླང་བྱ་དང་སློབ་གྲྭ་ནན་པོ་སྐྱོང་བའི་བྱེད་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས་དང་། སློབ་གྲྭ་ནན་པོ་སྐྱོང་བ་དང་། སློབ་ཁྲིད་ནན་པོ་སྐྱོང་བ། སློབ་སྦྱོང་ནན་པོ་སྐྱོང་བ་བཅས་མཐའ་འཁྱོངས་བྱས་ཏེ་སློབ་སྲོལ་འཛུགས་སྐྱོང་ཉིད་སྤྱོད་ཚུལ་འཛུགས་སྐྱོང་གི་གཙོ་གནད་དུ་བརྩི་དགོས། ཚད་གཞི་མཐོ་བའི་སློབ་གཉེར་མཐའ་འཁྱོངས་བྱས་ནས་སྤུས་ཚད་ལྡན་པའི་སློབ་གྲྭ་འཛུགས་སྐྱོང་ཉིད་ཏང་གི་སློབ་གྲྭའི་ལས་དོན་གྱི་དམ་འཛིན་བྱེད་ས་གལ་ཆེན་དུ་བརྩིས་ཏེ་སློབ་ཁྲིད་ཚན་ཞིབ་ཀྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། བློ་རྩ་བརྟན་པོས་སྒྱུར་བཅོས་བྱས་ནས་སློབ་ཁྲིད་ཚན་ཞིབ་དང་། ཤེས་ལྡན་པའི་དཔུང་ཁག དོ་དམ་ཞབས་ཞུ། སློབ་སྦྱོང་གི་རྣམ་པ་དང་སློབ་སྲོལ་སོགས་ཕྱོགས་ཁག་གི་ལས་དོན་གསར་གཏོད་ལ་སྐུལ་མ་རྒྱུན་མི་ཆད་པར་གཏོང་དགོས། ཀྲུང་དབྱང་ཏང་གི་སློབ་གྲྭས་སྣེ་ཁྲིད་ནས་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ནས་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ་དང་། རྨང་གཞིའི་ལས་དོན་ཞན་པ། གཞི་རིམ་ཏང་གི་སློབ་གྲྭ་ཉམས་ཞན་བཅས་ཡིན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
2015-12-17 215-12-09 2015-12-06 2015-12-02