མི་དམངས་དྲ་བ།

༄༅།།ཏན་ཏིག་དང་བརྟན་པོའི་སྒོ་ནས“ལོ་ལྔ་ཚན་བཅུ་གཉིས་པ”རྒྱལ་ཁའི་ངང་མཇུག་བསྡུ་དགོས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དམིགས་པ་དང་། འདི་ལོ་ཚུན་དང“ལོ་ལྔ་ཚན་བཅུ་གཉིས”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་གྲུབ་འབྲས་ལ་ཕྱིར་མིག་གཟིགས་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གྱི་དུས་བབ་ཆེན་པོར་དབྱེ་ཞིབ་གནང་སྟེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་གནད་དོན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད། དེ་ནི་ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་རྒྱུའི་བསྟུན་ས་གལ་ཆེན་ཡིན།
         བརྟན་པོ་ནི་འདི་ལོའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན། བརྟན་པོ་དེ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། མྱུར་ཚད་འབྲིང་སྟོད། ལུགས་མཐུན་བར་མཐོངས་བཅས་ཀྱི་ཁྲོད་མངོན་ཡོད། སྔོན་རྩིས་བྱས་ན་ལོ་ཧྲིལ་པོར་དཔལ་འབྱོར་7%ཙམ་འཕར་རྒྱུ་དེ་འབྲིང་རིམ་རྒྱལ་ཁབ་ཀྱི་ལོའི་དཔལ་འབྱོར་བསྡོམས་འབོར་དང་མཚུངས་ཀྱི་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་ཡོད། བརྟན་པོ་དེ་བརྟན་ཐོག་ཡར་འཕེལ་དང་། བརྟན་ཐོག་ལེགས་པ། གྲུབ་ཆ་བརྟན་ལ་བཟང་སྒྲིག སྤུས་ཚད་བརྟན་ལ་མཐོ་བ་བཅས་ཀྱི་ཁྲོད་དེ་བས་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་60%ཟིན་པ་དང་། ཞབས་ཞུའི་ལས་རིགས་བསྡུར་ཚད་50%ལས་བརྒལ་བ། འཕར་བའི་སྒུལ་ཤུགས་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་རྒྱུན་ཆད་མེད་པར་ཐོན་པ། སྦགས་བཙོག་འབུད་ཚད་རྒྱུན་ཆད་མེད་པར་ཉུང་དུ་ཕྱིན་པ་བཅས་རེད། བརྟན་པོ་དེ་སྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། དམངས་འཚོ་མུ་མཐུད་ལེགས་གཏོང་། ཉེན་ཁ་རིམ་གྱིས་སེལ་བ། སྤྱི་ཚོགས་དུས་བབ་བརྟན་པོ་བཅས་ཀྱི་ཁྲོད་མངོན་ཡོད། འདི་ལོའི་དམིགས་ཚད་ལས་འགན་བརྟན་པོའི་ངང་ལེགས་གྲུབ་དང་ལེགས་གྲུབ་ཡག་པོ་བྱ་རྒྱུ་དེས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྒྱལ་ཁའི་ངང་མཇུག་བསྡུ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་བདེ་བླག་ངང་འགོ་འཛུགས་རྒྱུ་དང་ལོ་བརྒྱའི་དམིགས་ཚད་དང་པོ་མངོན་འགྱུར་བྱ་རྒྱུ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
         ང་ཚོས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྒྱལ་ཁའི་ངང་མཇུག་བསྡུ་ཆོག་ཅེས་ཤོད་པ་དེར་དང་ཐོག་གྲུབ་འབྲས་ཏན་ཏིག་ཐོབ་ཡོད་པས་དེ་ནི་ཏན་ཏན་ཏིག་ཏིག་གཅིག་ཡིན།
         གྲངས་གཞིའི་ཐོག་ནས་གནད་དོན་ཚང་མ་གསལ་པོ་མཐོང་ཐུབ། སྤྱི་ཡོངས་ནས་བལྟས་ན། འཆར་གཞིའི་ནང་གཏན་ལ་འཁེལ་བའི་རྣམ་གྲངས་24ཡི་དམིགས་ཚད་གཙོ་བོ་ཚང་མ་ལེགས་སྒྲུབ་བྱས་ཡོད། དམིགས་ཚད་གཙོ་བོ་ཁག་གཅིག་ནས་བལྟས་ན། ལོ་ལྔའི་ནང་དཔལ་འབྱོར་ལོ་རེར་ཆ་སྙོམས་7.8%འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ཨ་སྒོར་4516ནས་ཨ་སྒོར་8000ཙམ་བར་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི་6400ཡན་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་ལོ་རེར་ཆ་སྙོམས་8.8%འཕར་བ། གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་དེ་སྔའི་དུང་ཕྱུར་1.66ནས་ཁྲི་6000བར་ཆག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་49.95%ནས་55.8%བར་འཕར་བ། མྱུར་བགྲོད་ལྕགས་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་0.5ནས་སྤྱི་ལེ་ཁྲི་1.9ཡན་འཕར་བ་དང་གོ་ལ་ཧྲིལ་པོའི་60%ལྷག་ཙམ་བཟུང་བ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་ཚང་མ་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་བཅས་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱུང་བར་བརྟེན། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་བཅས་སྐས་རིམ་གསར་པར་སླེབས་པ་མ་ཟད། དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཐོག་སླེབས་ཡོད།
         ཏན་ཏིག་དེ་མི་སེར་གྱི་ཚོར་སྣང་ཁྲོད་མངོན་ཡོད་པས། དངོས་དངོས་རྗེན་རྗེན་ཞིག་ཡིན་ཞེས་བརྗོད་ཆོག “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་དང་འགྱུར་ལྡོག་འགྲོ་ཆེ་ཤོས་ཀྱི་དུས་སྐབས་ཡིན་ཞེས་ཤོད་ཆོག གྲོང་མིའི་ཡོང་འབབ་GDPལས་སྒྲོལ་ནས་མི་མང་པོ་ཞིག་གིས་རང་ཉིད་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཡིན་པའི་སྣང་བ་བྱུང་ཞིང་། ལས་ཞུགས་གོ་སྐབས་མང་དུ་ཕྱིན་ནས་མི་ཚང་མར་གང་ས་ནས་ལས་ཀ་རག་ཐུབ་པའི་ཚོར་སྣང་བྱུང་ཡོད། འགན་ལེན་སྡོད་ཁང་ཚད་བརྒལ་ངང་བསྐྲུན་པ་དང་སྨན་བཅོས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་སྟེ་མང་ཚོགས་ལ་དེའི་ཁྲོད་ནས་ཕན་པ་ཏན་ཏིག་ཐོབ་ཡོད། དབུལ་སྐྱོར་འགག་སྒྲོལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པར་བརྟེན། དབུལ་པོའི་ཚོགས་སྤྱིས་དབུལ་སྐྱོར་དངོས་འབྲེལ་གྱི་སྟོབས་ཤུགས་ཚོར་ཐུབ་པ་བྱུང་ཡོད། སྒྱུར་བཅོས་ཀྱི་ཁྲོད་ནས་མང་ཚོགས་ལ་ཐོབ་སེམས་དེ་བས་མང་དུ་ཕྱིན་པ་དང་སྲིད་གཞུང་སྡེ་ཚན་ལ་དོན་སྒྲུབ་པར་བསྐྱོད་སྐབས་མགྱོགས་ལ་སྟབས་བདེ་བ་དང་བྱ་གཞག་གསར་གཏོད་ཀྱི་གོ་སྐབས་མང་དུ་དང་འགོག་རྐྱེན་ཉུང་དུ་སོང་ཡོད། མང་ཚོགས་ཚོར་ཏང་སྲོལ་སྲིད་སྲོལ་སྒྱུར་བ་ལས་བྱུང་བའི་འགྱུར་ལྡོག་ཚོར་ཐུབ་པ་བྱུང་སྟེ། “གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་ཕྱིན་སོང”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་དང་གྲུབ་འབྲས་ནི་དངོས་དངོས་རྗེན་རྗེན་ཞིག་ཡིན་པ་མ་ཟད། ཏང་སེམས་འཕེལ་ལ་དམངས་སེམས་ཀྱང་ཐོབ་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”དུས་སྐབས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། ལོ་དེ་དག་ནང་ཐོབ་པའི་གྲུབ་འབྲས་ཚང་མ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་འབད་འབུངས་སྟོབས་བརྩོན་བྱས་པ་ལས་བྱུང་བ་ཞིག་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐབས་ཇུས་ཡོད་རྒུ་བཏོན་པ་བརྒྱུད་རྒྱལ་སྲིད་སྐྱོང་སྟངས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་ཆགས་ནས་དེང་སྐབས་ཀྲུང་གོ་འཕེལ་རྒྱས་དང་ཡར་རྒྱས་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། མདུན་སྐྱོད་ལམ་བུའི་ཐོག་སྔར་བཞིན་ཉེན་ཁ་དང་འགྲན་སློང་དང་དེ་བཞིན་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཁ་ཤས་འཕྲད་སྲིད་ཀྱང་། ང་ཚོས་བསམ་བློ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་ཡང་དག་ཁ་ཕྱོགས་སྟངས་འཛིན་དང་། ཏན་ཏིག་དང་བརྟན་པོའི་ངང་སྐུལ་འདེད་བཏང་ཚེ། དཀའ་ངལ་སྣ་ཚོགས་ལས་རྒྱལ་ནས་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན།

  
2015-12-17