མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་ལས་ཁུངས་ཀྱིས་དུས་ཆེན་རིང“སྐད་འཕྲིན་གྱི་ཤོག་ཆག་རྫུས་མ”དང“སྤ་སེ་ཉོ་བའི་
མགོ་སྐོར་དྲ་ཚུགས”ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         དཔྱིད་གསར་དུས་ཆེན་ཤར་ལ་ཉེ་བའི་སྐབས་གཉེན་འཕྲད་དང་ཡུལ་སྐོར་དུ་སྐྱོད་མང་བའི་དུས་ཡིན་པས། གནམ་གྲུའི་སྤ་སེ་མགོ་སྐོར་གཏོང་བའི་བྱེད་ཐབས་གསར་པ་འགྲོ་འོང་བྱེད་མཁན་མི་རྣམས་ལ་སྤྱོད་བཞིན་ཡོད། སྤྱི་ཚོགས་ཀྱི་འབྲེལ་བའི་མཉེན་ཆས་མང་པོས“ཤོག་ཆག་བསྐུར”ནས་མི་ཚོགས་བཀུག་པ་དང་དུས་ཆེན་གྱི་རྣམ་པ་ཟབ་ཏུ་བཏང་སྟེ། ངན་སེམས་དང་གནོད་སེམས་བཅངས་པའི་ཤོག་ཆག་རྫུས་མ་གོ་སྐབས་དང་བསྟུན་ནས་བསྐུར་གྱི་ཡོད། དེའི་ཐད་སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་སྡེ་ཚན་གྱིས་རྒྱ་ཆེའི་མང་ཚོགས་ཚོར་དོགས་ཟོན་ཆེར་སྐྱེད་ཀྱིས“སྐད་འཕྲིན་གྱི་ཤོག་ཆག་རྫུས་མ”དང“སྤ་སེ་ཉོ་བའི་མགོ་སྐོར་དྲ་ཚུགས”སོགས་དྲ་བའི་ཁ་བསླུས་ལ་དོགས་ཟོན་ཏན་ཏིག་བྱས་ཏེ་ཆུང་ངུ་བསམས་ནས་ཆེན་པོ་གར་སོང་མེད་པའི་དཔེ་ལྟར་རྒྱུ་ནོར་དང་མི་སྒེར་གྱི་ཆ་འཕྲིན་ལ་གྱོང་གུན་ཕོག་རྒྱུར་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་སྟེ།
         གཅིག “ཤོག་ཆག”ཧབ་ཐོབ་རྒྱག་སྐབས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།
          གལ་སྲིད་མི་གཞན་གྱིས་སྐད་འཕྲིན་ནང“ཤོག་ཆག”བསྐུར་བ་མཐོང་སྐབས་ཁྱེད་རང་གིས་ལམ་སེང་ལེན་རྩིས་ཡོད་དམ། དེའི་ཐད་ཡིད་གཟབ་བྱེད་དགོས། དེའི་ནང་ཁ་བསླུས་ཀྱི་གཡོ་སྒྱུ་ཡོད་སྲིད། སྐད་འཕྲིན་གྱི“ཤོག་ཆག”ནི་དགའ་ཉེ་སྤུན་མཆེད་དབར་བརྩེ་དུང་ཟབ་ཏུ་གཏོང་བའི་རོལ་རྩེད་ཀྱི་རྣམ་པ་ཞིག་རེད། ད་ཆ་དེ་ཁྲིམས་འགལ་བ་ཁག་གཅིག་གིས་ཁ་བསླུས་རྒྱག་པའི་བྱ་ཐབས་གསར་པར་གྱུར་ཡོད།
          དྲ་བའི་ལག་རྩལ་དང་སྒུལ་བདེའི་དྲ་སྦྲེལ་ཁྱབ་གདལ་འགྲོ་བ་དང་བསྟུན་ནས་ཁྲིམས་འགལ་བ་ཁག་གཅིག་གིས་སྐད་འཕྲིན་སོགས་APPཕན་སྐུལ་དྲ་ངོས་ཐོག་མགོ་སྐོར་གཏོང་བའི་དྲ་གནས་བཙུགས་ཏེ་སྤྱོད་མཁན་གྱིས་སྦྲེལ་མཐུད་དེ་ཁ་ཕྱེ་ཚེ་མི་སྒེར་གྱི་ཆ་འཕྲིན་རྐུ་ཐུབ་ཀྱི་ཡོད། ཁྲིམས་འགལ་བ་མང་དག་ཅིག་གིས་སྐད་འཕྲིན་གྱི་ཤོག་ཆག་སྤྱད་དེ་མི་གྲངས་ཅུང་མང་བའི་སྐད་འཕྲིན་ཚོགས་པ་དང་གྲོགས་པོའི་ཚོགས་པའི་ནང་བཞག་ནས་མགོ་སྐོར་དྲ་ཚུགས་དང་ཤིང་རྟའི་སྒྲིག་རིམ་ཐོག་ནས་ས་གནས་ཕབ་ལེན་བྱེད་པའི་ཤོག་ཆག་བསྐུར་ཏེ་སྤྱོད་མཁན་གྱི་ཆ་འཕྲིན་རྐུ་བ་མ་ཟད་སྤྱོད་མཁན་གྱི་ལག་ཐོགས་ཁ་པར་ཚོད་འཛིན་ཡང་བྱེད་ཀྱི་ཡོད།
         “ཤོག་ཆག”རིགས་དྲུག་ཧབ་ཐོབ་རྒྱག་མི་ཉན་པའི་དྲན་སྐུལ་བྱས་པ་སྟེ།
         1. མི་སྒེར་གྱི་ཆ་འཕྲིན་དགོས་པའི་ཤོག་ཆག་ཧབ་ཐོབ་རྒྱག་མི་རུང་། ཤོག་ཆག་ལེན་སྐབས་མི་སྒེར་གྱི་ཆ་འཕྲིན་བྲི་དགོས་པ་དཔེར་ན། མིང་དང་། ལག་ཐོགས་ཁ་པར་གྱི་ཨང་གྲངས། དངུལ་ཁང་གཱ་ཡི་ཨང་གྲངས་སོགས་བྲི་དགོས་པ་དེ་རིགས་ནི་ཁ་བསླུས་རྒྱག་པའི་ཤོག་ཆག་ཡིན་སྲིད། དོན་དངོས་ཐོག་ཚད་ལྡན་གྱི་སྐད་འཕྲིན་ཤོག་ཆག་ཡིན་ཚེ་དེ་མནན་ཙམ་བྱས་ན་དངུལ་ལེན་ཐུབ་ནས་རང་འགུལ་ངང་སྐད་འཕྲིན་གྱི་དངུལ་ཁུག་ནང་སླེབས་ཀྱི་ཡོད་པ་ལས་མི་སྒེར་གྱི་ཆ་འཕྲིན་སོགས་བྲི་དགོས་ཀྱི་མེད།
          2. སྦྲེལ་མཐུད་སྤྱད་དེ་ཤོག་ཆག་ཧབ་ཐོབ་རྒྱག་པའི་རིགས་ཀྱི་ཁ་བསླུས། གྲོགས་པོའི་ཚོགས་པའི་ནང་མཉམ་སྤྱོད་བྱེད་པའི་ཤོག་ཆག་དཔེར་ན་ཁ་པར་གྱི་དངུལ་སྤྲོད་པ་དང་། ལག་རྟགས་སྤྲོད་པ། ཕན་ཆ་ཆེ་བའི་འཛིན་ཤོག་སྤྲོད་པ་སོགས་སྦྲེལ་མཐུད་ཁ་ཕྱེ་ནས་སྔོན་ལ་དོ་འཁུར་བྱེད་དགོས་པ་མ་ཟད་ད་དུང་གྲོགས་པོར་མཉམ་སྤྱོད་བྱེད་དགོས་པའི་གནས་ཚུལ་འཕྲད་སྲིད། ཤོག་ཆག་དེ་རིགས་ནི་སྤྱོད་མཁན་ལ་མགོ་སྐོར་གཏོང་བའི་བྱ་ཐབས་ཤིག་ཡིན་པས་སྟེང་གི་གཡས་ཟུར་མནན་ཚེ་ཐེར་འདོན་གོང་ཞུ་བྱེད་ཐུབ།
         3. གྲོགས་པོ་དང་ཤོག་ཆག་ཧབ་ཐོབ་རྒྱག་སྐབས་ཡིད་གཟབ་བྱེད་དགོས། གྲོགས་པོའི་ཚོགས་པའི་ནང་གྲོགས་པོ་དང་མཉམ་དུ་ཤོག་ཆག་ཧབ་ཐོབ་རྒྱག་སྲོལ་མང་དག་ཅིག་ཡོད་པས། ངེས་པར་དུ་དངུལ་གྲངས་སྒོར་100ལས་མི་ཉུང་བ་ཡོད་ཚེ་ལེན་ཐུབ་ཅེས་པ་ལྟ་བུའི་རོལ་རྩེད་རྩེ་སྐབས་ཡིད་གཟབ་དེ་བས་བྱེད་དགོས། ཤོག་ཆག་ཐོག་གི་གསར་གཏོད་པ་ཚད་ལྡན་ཡིན་མིན་ལ་བལྟ་དགོས། དེ་ནི་དགའ་པོ་བྱེད་མཁན་གྱི་ཡིད་དབང་འགུག་པའི་མགོ་སྐོར་ཞིག་ཡིན་སྲིད།
         4. དངུལ་གྲངས་མཐོ་བའི་ཤོག་ཆག་ལ་ཡིད་ཆེས་བྱེད་མི་རུང་། སྐད་འཕྲིན་ཤོག་ཆག་རྐྱང་པའི་དངུལ་གྲངས་ཚོད་འཛིན་ཚད་གཞི་སྒོར་200ཡིན་པས་གལ་སྲིད་སྒོར“666”དང“888”སོགས་རིགས་ཀྱི་ཤོག་ཆག་འབྱོར་ཚེ་དེ་ནི་རྫུས་མ་ཡིན་པ་གཏན་འཁེལ་བྱེད་ཆོག
         5.“AAཤོག་ཆག”གི་མགོ་སྐོར་ལ་ཡིད་གཟབ་བྱེད་དགོས་ཤིང་། “AAཤོག་ཆག”གི་རིགས་ལ་དོགས་ཟོན་བྱེད་དགོས་པ་སྟེ། ཤོག་ཆག་དེ་རིགས་ནི་སྐད་འཕྲིན་གྱི་AAདངུལ་ལེན་རིགས་ལ་བཟོ་བཅོས་ཕྲན་བུ་བྱས་པ་ཞིག་ཡིན་པ་དང་དེའི་སྟེང་དངུལ་དང་དངུལ་སྨར་ལག་རྟགས་སུ་སྤྲོད་རྒྱུ་སོགས་ཀྱི་ཡི་གེ་བྲིས་ཡོད་པས་སྤྱོད་མཁན་གྱིས་ཤོག་ཆག་དང་ནོར་ནས་ལེན་སྲིད། སྐད་འཕྲིན་གྱི་ཤོག་ཆག་ཆེད་མངགས་ཚོས་མདོག་དམར་སེར་བཟོས་ཡོད་པས་AAངོས་སུ་འཇུག་མི་དགོས། གཞན་ཡང་སྤྱོད་མཁན་གྱིས་ཤོག་ཆག་ལེན་སྐབས་གསང་བའི་ཨང་རྟགས་མནན་མི་དགོས་པར་དེ་མནན་ཙམ་བྱས་ཚེ་སྐད་འཕྲིན་གྱི་དངུལ་ཁུག་ནང་སླེབས་ཀྱི་ཡོད།
          6. ཤོག་ཆག་ལེན་པར་གསང་བའི་ཨང་རྟགས་མནན་དགོས་ན་མགོ་སྐོར་བཏང་བ་ཞིག་རེད། གལ་ཏེ་ཚོང་དུད་དམ་ཡང་ན་གྲོགས་པོས་སྐད་འཕྲིན་གྱི་ཤོག་ཆག་བསྐུར་བ་དེ་ལེན་སྐབས་གསང་བའི་ཨང་རྟགས་མནན་དགོས་ཚེ་དོགས་ཟོན་བྱེད་དགོས། དེ་ནི་ཤོག་ཆག་རྫུས་མ་ཡིན་སྲིད། སྐད་འཕྲིན་གྱི་ཤོག་ཆག་ངོ་མ་ལེན་སྐབས་གསང་བའི་ཨང་རྟགས་མནན་དགོས་ཀྱི་མེད། དེར་བརྟེན་སྐད་འཕྲིན་ཚོགས་པའི་ནང་ཡོང་ཁུངས་གསལ་པོ་མེད་པའི་ཤོག་ཆག་དང་ཕན་ཆ་ཆེ་བའི་འཛིན་ཤོག་སོགས་གང་བྱུང་དུ་ལེན་མི་རུང་། དེ་ལྟར་བྱས་ཚེ་མི་སྒེར་གྱི་གསང་བའི་ཆ་འཕྲིན་ཕྱི་ལ་གྱར་སྲིད།
          གཉིས། གནམ་གྲུའི་སྤ་སེའི་དུས་ཚོད་འགྱུར་སྐབས་མགོ་སྐོར་གཏོང་མཁན་མང་པོ་ཡོད།
         ལོ་ལྟར་གྱི་དུས་ཆེན་དང་ངལ་གསོའི་དུས་ཚོད་ནི་་ཕྱིར་འགྲོ་མང་བའི་དུས་ཚིགས་ཡིན་པས་གནམ་གྲུའི་སྤ་སེ་མངགས་ཉོ་བྱས་ནས་མཉེན་འཕྲད་དང་ཡུལ་སྐོར་དུ་འགྲོ་མཁན་རིམ་བཞིན་མང་དུ་འགྲོ་གི་ཡོད་སྟབས། མགོ་སྐོར་གཡོ་ལེན་ཚོགས་པས་གོ་སྐབས་དེ་དང་བསྟུན་ནས“རིན་གོང་བཅག་པའི་གནམ་གྲུའི་སྤ་སེ”དང་“གནམ་གྲུའི་སྤ་སེའི་དུས་ཚོད་འགྱུར་བ”སོགས་ཀྱི་ཐོག་ནས་མགོ་སྐོར་གཏོང་གི་ཡོད། “གནམ་གྲུའི་སྤ་སེའི་དུས་ཚོད་འགྱུར”སྐབས་འཕྲིན་ཐུང་གི་དྲན་སྐུལ་བྱེད་པ་མ་ཟད་ད་དུང“སྤྱོད་མཁན་ལ་ཞབས་འདེགས་ཞུ་མཁན་མི་སྣས”རང་སྒུལ་ངང་ཁ་པར་རྒྱག་པ་མ་ཟད། “གཞུང་ཕྱོགས་དྲ་བའི”ཐོག་གཏན་འཁེལ་ཐུབ་པས་མགོ་སྐོར་གཏོང་སྟངས་དེ་རིགས་ལ་ཡིད་ཆེས་མ་བྱེད་ཀ་མེད་རེད། ལོ་གསར་པར་སླེབས་སྐབས་ཁྲིམས་འགལ་བའི་མགོ་སྐོར་གཏོང་སྟངས་ཀྱང་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ་མགོ་སྐོར་གཏོང་སྟངས་རྐྱང་པས་གཞན་ལ་མགོ་སྐོར་གཏོང་མི་ཐུབ་སྟབས་མགོ་སྐོར་གཏོང་མཁན་ཚོས་བྱ་ཐབས་སྣ་ཚོགས་མཉམ་དུ་སྤྱོད་ཀྱི་ཡོད།