མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རིག་གནས་དམངས་ཕན་བྱེད་སྒོ་སྤེལ་ནས་དཔྱིད་གསར་དུས་ཆེན་རིང་དཔེ་ཀློག་གི་རྣམ་
པ་གཏོད་རྒྱུའི་གཏན་འབེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས་2016ལོའི་དཔྱིད་གསར་དུས་ཆེན་རིང་དཔེ་སྐྲུན་འགྲེམས་སྤེལ་ཚན་པ་སྒྲིག་འཛུགས་བྱས་ཏེ་རིག་གནས་དམངས་ཕན་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་སུ“དེབ་ལྟ་རྒྱུར་དགའ་བ་དང་། དེབ་ཡག་པོ་ཀློག་པ། དེབ་ནན་ཏན་ལྟ་བ་བཅས”ཀྱི་དཔེ་དེབ་ལྟ་ཀློག་དར་སྲོལ་ཆགས་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། རིག་གནས་དམངས་ཕན་བྱེད་སྒོའི་ནང་སྤྱི་ཕན་བྱེད་སྒོ་དང་འགྲེམས་སྟོན་ཚུད་ཡོད།
         ས་གནས་ཁག་གིས“དེབ་ཡག་པོ་ཞིག་འཁྱེར་ནས་ཁྱིམ་དུ་ལོག་པའི”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་གྲོང་ཁྱེར་ཆེ་ཁག་གི་མེ་འཁོར་བབས་ཚུགས་དང་ཐག་རིང་རླངས་འཁོར་ས་ཚིགས་སོགས་ཀྱི་ས་ཆར་ཕ་ཡུལ་དུ་ལོག་མཁན་ལ་དཔེ་དེབ་དང་དུས་དེབ་ཡག་པོ། དེ་བཞིན་ཕྲུ་གུར་ལྟ་རྒྱུར་འཚམ་པའི་ཕུལ་བྱུང་གི་བྱིས་པའི་དཔེ་སྐྲུན་ཡིག་རིགས་སྤྲོད་པ་དང་། “ཤང་ལ་དེབ་སྤྲོད་པ”སོགས་ཀྱི་དཔེ་སྐྲུན་ཡིག་རིགས་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། དབང་པོ་སྐྱོན་ཅན་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ། མི་ཧྲེང་རྒན་རྒོན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རིག་གནས་ཀྱི་ལོ་གསར་མཁོ་ཆས་སྤྲད་ནས་ཁོང་ཚོར་དྲོ་སྐྱིད་ཚོར་བ་བྱ་རྒྱུ་རེད།
          ས་ཆ་ཁག་གི་དཔེ་དེབ་ཁྲོམ་ར་ཆེ་ཁག་གིས་དཔྱིད་གསར་དུས་ཆེན་རིང་། ཆེད་སྤྱོད་དཔེ་སྒྲོམ་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་སོགས་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་ཡིག་རིགས་དང་། 2015ལོའི་ལོ་འཁོར་གྱི“སྤྱི་དམངས་ཀྱིས་ལྟ་ཀློག་བྱ་རྒྱུར་དགའ་བའི་དཔེ་དེབ་50”སྐབས་དང་པོའི“རྒྱལ་ཡོངས་ལ་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་གཏོང་བའི་དཔེ་དེབ”2015ལོའི“རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཁྱབ་གདལ་གཏོང་བའི་ཕུལ་བྱུང་དཔེ་དེབ་100”སོགས་ཕུལ་བྱུང་གི་དཔེ་སྐྲུན་ཡིག་རིགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་། ཅིང་ཏུང་དང་། ཏང་ཏང་། ཡ་མ་ཤུན་སོགས་རིགས་ཁག་གི་དྲ་ཐོག་དེབ་ཁང་གིས་ཕྱིར་ཚོང་ཆེད་བཙུགས་ཁུལ་བཀོད་སྒྲིག་བྱས་ཏེ་ཀློག་པ་པོས་ཉོ་སྒྲུབ་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།