མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་བྱེད་ཐབས་གསར་གཏོད་ཀྱིས་
གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ་
ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་21ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

ཟླ་2ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་2ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་19ཉིན་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་གི་གལ་འགངས་ཆེ་བའི་ལས་དོན་ཞིག་དང་རྒྱལ་སྲིད་སྐྱོང་ལུགས་དང་རྒྱལ་ཁབ་བརྟན་ལྷིང་སྲ་བརྟན་ཡོང་བའི་དོན་ཆེན་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་འཕེལ་རྒྱས་དང་འཚམ་པར་བྱེད་པ་དང་། ཏང་གི་ལས་ཀའི་སྤྱི་ཡོངས་ལ་བསྟུན་ནས་ངེས་གནས་ཁོང་དུ་ཆུད་པ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། གསར་འགྱུར་ཁྱབ་སྤེལ་གྱི་ཆོས་ཉིད་ལ་སྲུང་བརྩི་ཞུ་བ། བྱ་ཐབས་དང་བྱེད་ཐབས་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱི་ཡིད་ཆེས་བྱེད་ཚད་བཅས་ཏན་ཏིག་ངང་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཐེངས་མང་དང་བཀོད་སྒྲིག་གལ་ཆེན་གནང་ཡོད། ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་གསར་འགྱུར་གླེང་ཕྱོགས་ཀྱི་འཐབ་ཕྱོགས་དེ་དུས་བབ་འཕེལ་རྒྱས་དང་འཚམ་པ་བྱས་ནས་སྒྱུར་བཅོས་གསར་གཏོད་ཧུར་ཐག་བྱ་རྒྱུར་སྐུལ་མ་བཏང་སྟེ་ལས་ཀའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས་པ་དེ་རེད།
         ད་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོག་ཆེད་ཞིས་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གསུམ་ལ་ཕེབས་ནས་ལས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུར་ལྷན་དུ་ཕེབས་ཡོད་པ་རེད།
         ཚེས་19ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་དང་ཐོག་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་བརྟག་ཞིབ་གནང་བར་ཕེབས། རྩོམ་སྒྲིག་པའི་ཐོག་བརྩེགས་ཁང་ཆེན་གྱི་འགྲེམས་པང་རེ་རེ་དང་པར་རིས་རེ་རེ་བཞིན་གྱི་ཐོག་ནས་ཏང་ཀྲུང་དབྱང་གིས་མི་དམངས་ཉིན་རེའི་ཚགས་པར་ལ་ཐུགས་ཁུར་གནང་བ་མངོན་པ་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྤྱིར་བཏང་མིན་པའི་ལོ་ཟླ་བརྒྱུད་པ་མཚོན་ཡོད། ཞིས་ཅིན་ཕིང་གིས་གཟིགས་བཞིན་དུ་སྙན་སེང་གསན་ནས་ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་68སོང་རིང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ལས་ཁང་དུ་ཞིས་ཅིན་ཕིང་གིས་རྩོམ་སྒྲིག་པས་པར་ངོས་སྒྲིག་བཞིན་པར་གཟིགས་པ་དང་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོར་ཐོག་མའི་དམིགས་ཡུལ་མི་བརྗེད་པ་དང་དད་སེམས་བརྟན་དུ་བཏང་ནས་ཚགས་པར་གང་ལེགས་གཉེར་ཏེ་རྒྱལ་ཡོངས་མི་དམངས་ལ་བསམ་པའི་རྒྱགས་ཕྱེ་སྔར་བས་ལེགས་པ་དང་མང་བ་མཁོ་འདོན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞིས་ཅིན་ཕིང་སྨྱན་སྦྱོར་གསར་པའི་ལྟེ་གནས་སུ་ཕེབས་སྐབས་བརྙན་ཡོལ་ཆེན་པོའི་མདུན་དུ་དཔོད་ཆུང་དང་སྐད་འཕྲིན་སོགས་ཀྱི་ལས་དོན་ངོ་སྤྲོད་གསན་པ་དང་ཆབས་ཅིག་གློག་ཀླད་ཀྱི་མདུན་དུ་བཞུགས་ནས་སྨྱན་སྦྱོར་གསར་པའི་ལས་སྟེགས་བརྒྱུད་དེ་སྐད་འཕྲིན་ཐོག་ནས་རྒྱལ་ཡོངས་མི་དམངས་ལ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་མི་དམངས་དྲ་བའི་འཁྲབ་གཏོང་ཁང་དུ་ཕེབས་ནས་བརྙན་ལམ་བརྒྱུད་མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་དང་འབྲེལ་བ་གནང་ནས་ཕུའུ་ཅན་ཉིང་ཏེ་གྲོང་ཁྱེར་ཁྲེ་ཤིས་གྲོང་ཚོའི་ཡུལ་མི་དང་གླེང་མོལ་གནང་བ་རེད། ཁྲེ་ཤིས་གྲོང་ཚོ་ནི་སྔོན་ཆད་དཀའ་ངལ་ཤིན་ཏུ་ཆེ་བའི་གྲོང་ཚོ་ཞིག་ཡིན་པ་དང་ལོ་མང་རིང་ཞིས་ཅིན་ཕིང་སྐུ་ངོ་མའི་ཐུགས་ཁུར་དང་མཛུབ་ཁྲིད་འོག་དབུལ་སྒྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཞིས་ཅིན་ཕིང་གིས་2015ལོའི་ཟླ་1ཚེས་29ཉིན་གྱི་གྲོང་ཚོ་དེའི་དབུལ་སྐྱོར་ལས་དོན་སྙན་སེང་གི་ཡིག་ཆ་ཞིག་གི་ཐོག་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྟེ་དབུལ་སྒྲོལ་འགག་སྒྲོལ་བྱེད་པར“དཀའ་སྤྱད་འབད་འཐབ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ། སྙིང་རུས་ཀྱིས་དོན་རྣམས་སྒྲུབ་པ། ཡུན་རིང་བྱས་རྗེས་འཇོག་པ”བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། བརྙན་ལམ་ནང་ཞིས་ཅིན་ཕིང་གིས་སྔ་རྗེས་སུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུའུ་ཅ་ཀྲུའུ་དང་། ཁྲེ་ཤིས་གྲོང་ཚོའི་དབུལ་སྐྱོར་ལ་ཡུན་རིང་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་འཁྱུར་ངལ་གསོའི་ལས་བྱེད་པ་ཝང་ཧྲའོ་ཅུས་དང་བཀའ་མོལ་གནང་བ་དང་། ཁོང་གིས་ཡུལ་མི་ཚོར་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ཚོར་སྔོ་ལྗང་རི་ཀླུང་སྲུང་སྐྱོང་ཡག་པོ་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་དམངས་ཕྱུག་གི་ལམ་བུའི་ཐོག་བསྐྱོད་དགོས་པའི་བཀའ་མངགས་གནང་བ་རེད།
         ཆུ་ཚོད་10པ་ཙམ་ལ་ཞིས་ཅིན་ཕིང་ཤིན་ཧྭ་གསར་འགྱུར་ཁང་དུ་ཕེབས་ནས་ཤིན་ཧྭ་གསར་འགྱུར་ཁང་གི“ལོ་རྒྱུས་དང་འཕེལ་རྒྱས”ཞེས་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། མའོ་ཀྲུའུ་ཞིའི་ཕྱག་བྲིས་ཕྱག་བསྟར་མ་བླུགས་པའི་སྒམ་དང་ཡན་ཨན་དུས་སྐབས་ཀྱི་ལག་སྐོར་གློག་སྒུལ་འཕྲུལ་འཁོར་ལ་གཟིགས་སྐབས་ཕེབས་མཚམས་བཞག་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད། གསར་འགྱུར་ཆ་འཕྲིན་སྤེལ་གཏོང་ལྟེ་གནས་སུ་ཞིས་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་ཧོ་ནན་ལན་ཁའོ་རྫོང་དུ་བཅར་འདྲི་བྱེད་བཞིན་པའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་དང་འབྲེལ་བ་གནང་བ་རེད། གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅིར་བཅར་འདྲི་བྱེད་རིང་མཐོང་ཐོས་བྱུང་བའི་གཞི་རིམ་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་བའི་རྣམ་པ་གསར་པ་སྙན་སེང་ཞུས་པས་ཞིས་ཅིན་ཕིང་གིས་གསར་འགོད་པར་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་མང་ཙམ་བསྐྱོད་དེ་གཞི་རིམ་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་དུས་ཐོག་ཏུ་ཤེས་རྟོགས་དང་དྲིལ་བསྒྲགས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
         ཉིན་དགུང་ཙམ་ལ་ཞིས་ཅིན་ཕིང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སུ་ཕེབས་ཤིང་། ཁོང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལས་སྒོ་དང་སྨྱན་སྦྱོར་མཉམ་བསྲེས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་། སྤྱི་ཁྱབ་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ་བརྙན་འཕྲིན་གྱི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་གི་བརྙན་ལམ་འགྲེམས་སྟོན་ལ་གཟིགས་པ་མ་ཟད་《གསར་འགྱུར་མཉམ་བསྒྲགས་》འཁྲབ་གཏོང་ཁང་དང་བཀོད་གཏོང་ཁང་དུ་ལེ་ཚན་གཙོ་སྐྱོང་པ་དང་ལས་དོན་མི་སྣར་གསར་འགྱུར་སྒྲིག་བཟོ་དང་བཀོད་གཏོང་བརྒྱུད་རིམ་མཁྱེན་རྟོགས་གནང་བ་མ་ཟད། སྐུ་ངོ་མས་བསྒྱུར་མཐུད་མཐེབ་གནོན་མནན་ཏེ་བརྒྱུད་གཏོང་རྣམ་པར་ཉམས་ལེན་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་ལྟར་ལྟད་མོ་བ་དུང་ཕྱུར་ཁ་ཤས་ལ་ཁ་ཕྱོགས་དགོས་པས་ངེས་པར་དུ་དུས་རབས་ཀྱི་རྗེས་སུ་སྙེག་པ་དང་གོ་ལ་ཡོངས་ལ་ཕྱོགས་ཏེ་བསམ་བློ་དང་སྒྱུ་རྩལ་རང་བཞིན་གཞི་གཅིག་ཏུ་འདུས་པའི་ལེ་ཚན་ཡག་པོ་འཆར་འགོད་མང་ཙམ་བྱེད་དགོས་པ་དང་ཀུན་གྱིས་དགའ་པོ་བྱེད་པ་དང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པའི་ལེ་ཚན་ཡག་པོ་མང་ཙམ་གཉེར་དགོས་ཞེས་གསུངས་པ་རེད།
         དེ་ཉིན་ཕྱི་དྲོ་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་མི་དམངས་ཉིན་རེའི་ཚགས་པར་གྱི་ཧྲེ་ཀྲང་དབྱང་ཀྲེན་ཝུའུ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་ཧྲེ་ཀྲང་ཚའེ་མིང་ཀྲའོ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་ཉེ་ཁྲེན་ཞིས་བཅས་དང་དེ་བཞིན་རྩོམ་སྒྲིག་པའི་འཐུས་མི་ཧྥན་ཀྲེང་ཝུའེ་དང་། གསར་འགོད་པའི་འཐུས་མི་ལི་ཁོ་ཡུང་། གཙོ་སྐྱོང་པའི་འཐུས་མི་ཁང་ཧུའེ་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་བྱས་པ་དང་། ཁོང་ཚོས་ངོས་འཛིན་དང་ལས་དོན་གླེང་བ་དང་གྲོས་འགོ་བཏོན་པར་ཞིས་ཅིན་ཕིང་གིས་གསན་བཞིན་དུ་ཟིན་བྲིས་བཀོད་གནང་བ་མ་ཟད་སྤེལ་རེས་ཡང་ཡང་གནང་བ་རེད།
         ཁོང་ཚོའི་གཏམ་བཤད་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཞིས་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོས་ཏང་དང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་དུས་རབས་དང་མཉམ་དུ་ཡར་རྒྱས་ཡོང་བ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་དྲིལ་བསྒྲགས་དང་། ཏང་གི་འདོད་ཚུལ་དྲིལ་བསྒྲགས། མང་ཚོགས་ཀྱི་འབོད་སྒྲ་མཚོན་པ་ཧུར་ཐག་བྱས་པས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཁྲོད་ནུས་པ་ཤིན་ཏུ་གལ་ཆེན་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་མངོན་གསལ་དོད་པོས་དྲིལ་བསྒྲགས་བྱས་ཏེ་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དང་ལས་དོན་བཀོད་སྒྲིག་རྒྱས་བཤད་བྱས་པ་དང་མི་དམངས་ཀྱི་བརྗིད་ཆེའི་ལག་ལེན་དང་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤེལ་བྱས་པས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་འཕེལ་བ་བྱས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དར་ཆ་དང་འགྲོ་ལམ་དང་འབྲེལ་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་དང་འབྲེལ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བདེ་བླག་གཏོང་རྒྱུ་དང་འབྲེལ་བ།
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་བཅས་རེད། དེར་བརྟེན་ངེས་པར་དུ་ཏང་གི་ལས་ཀའི་སྤྱི་ཡོངས་དང་བསྟུན་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་སྟངས་འཛིན་བྱས་ཏེ་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་ལས་དོན་ཐད་གནད་སྨིན་ནུས་ལྡན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ནི། དར་ཆ་མཐོན་པོར་སྒྲེང་བ་དང་། སྟོན་ཕྱོགས་ལ་སྣེ་ཁྲིད། ལྟེ་བར་དམིགས་པ། ཕྱོགས་ཡོངས་ལ་ཞབས་ཞུ། མི་དམངས་ལ་མཐུན་སྒྲིལ། ངར་ཤུགས་འཕེལ་བ། སྲོལ་དར་ཡར་སྐུལ། སེམས་སྒྲིལ་ནུས་འདུས། ནོར་འཁྲུལ་ཡོ་བསྲང་། ཡིན་མིན་གསལ་བཟོ། ཀྲུང་ཕྱི་སྦྲེལ་མཐུད། འཛམ་གླིང་དང་སྤེལ་རེས་བཅས་བྱེད་དགོས་པ་རེད། འགན་འཁྲི་དང་ལས་འགན་དེ་ཕྲག་ཐོག་ཏུ་འཁུར་དགོས་ཚེ་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཨང་དང་པོར་བཞག་ནས་ཏང་གཤིས་རྩ་དོན་མཐའ་འཁྱོངས་བརྟན་པོ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་མཐའ་འཁྱོངས་བརྟན་པོ། ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བརྟན་པོ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བརྟན་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱིས་ཏང་གཤིས་རྩ་དོན་མཐའ་འཁྱོངས་བྱེད་པའི་ཆེས་རྩ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་ཀར་ཏང་གིས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རེད། ཏང་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྨྱན་སྦྱོར་ནི་ཏང་དང་སྲིད་གཞུང་གི་དྲིལ་བསྒྲགས་གཡུལ་ས་ཡིན་པས་དེའི་ངོ་བོ་ངེས་པར་དུ་ཏང་ཡིན་དགོས། གསར་འགྱུར་ལྟ་བ་ནི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བླ་སྲོག་ལྟ་བུ་ཡིན། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་གསར་འགྱུར་གླེང་ཕྱོགས་ལས་དོན་པར་ཏང་གི་སྲིད་ཇུས་འདོད་ཚུལ་གྱི་བརྒྱུད་བསྒྲགས་པ་ཞིག་དང་། དུས་རབས་འགྱུར་ལྡོག་གི་ཟིན་ཐོ་འགོད་མཁན་ཞིག སྤྱི་ཚོགས་ཡར་ཐོན་གྱི་སྐུལ་འདེད་པ་ཞིག དྲང་སྙོམས་དྲང་བདེན་གྱི་ལྟ་སྲུང་བ་ཞིག་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཟླ་2ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་དབྱང་གསར་འགྱུར་ཚན་པར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞིས་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།
ཟླ་2ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་དབྱང་གསར་འགྱུར་ཚན་པར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞིས་ཅིན་ཕིང་གིས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།