མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་
རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》(གཤམ་དུ་བསྡུས་མིང་ལ་《བསམ་འཆར་》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པར་བརྟེན་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་ཚད། རྩ་བའི་རྩ་དོན་བཅས་ཁ་གསལ་བྱུང་བ་དང་འབྲེལ་ཕྱོགས་བདུན་ཐོག་ནས་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱུག་རྒྱུའི་གཙོ་གནད་ལས་འགན་ཡང་བཏོན་པ་རེད།
         《བསམ་འཆར་》ནང་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་དོ་དམ་གྱི་སྤྱིའི་དམིགས་ཚད་ནི། གྲོང་ཁྱེར་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་དང་། གསར་སྤེལ་འོས་འཚམ། ཕན་ཆེ་འཁོར་སྐྱོད་བཅས་ཡོང་བ་བྱས་ཏེ་ཞི་མཐུན་སྡོད་གནས་དང་། གསོན་ཤུགས་ལྡན་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཧུར་ཐག་བསྐྲུན་ཏེ་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་དེ་ཡིན་པ་བཏོན་ཡོད།
         《བསམ་འཆར་》ནང་གྲོང་ཁྱེར་གྱི་འཆར་འགོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་ལྟར་གྲོང་ཁྱེར་གྱི་འཆར་འགོད་བཟོ་བ་དང་ཁྲིམས་ལྟར་འཆར་འགོད་རྩོམ་བཟོ་དང་ཞིབ་མཆན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འཆར་འགོད་ཐད་ཀྱི་སྔ་བལྟས་ཕྱི་བསམ་རང་བཞིན་དང་། སྒམ་ནན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་ནས་འཆར་གཞི་གཅིག་མཐའ་གཅིག་ཏུ་སྒྲུབ་དགོས་པ། གྲོང་ཁྱེར་གྱི་འཆར་འགོད་དོ་དམ་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ས་བཀྲ་གཉིས་གཅིག་ལ་ཟླ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཁྲིམས་ལྟར་འཆར་གཞི་ལག་བསྟར་ནན་པོ་བྱས་ཏེ་འཆར་འགོད་ཀྱི་བཙན་ཤེད་རང་བཞིན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འཆར་འགོད་ལས་འགལ་བའི་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། ལོ་ལྔའི་དུས་ཚོད་ནང་འཛུགས་སྐྲུན་ཁུལ་གྱི་ཁྲིམས་འགལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་གཙང་བཤེར་དང་ཐག་གཅོད་བྱས་ཏེ་ཁྲིམས་འགལ་འཛུགས་སྐྲུན་གྱི་གནས་ཚུལ་གསར་པ་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
         གྲོང་ཁྱེར་གྱི་ཁྱད་ལྡན་རྣམ་པ་གཏོད་དགོས། གྲོང་ཁྱེར་གྱི་འཆར་གཞིའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་འཆར་གཞིའི་ལས་དོན་སྤེལ་རྒྱུར་སྐུལ་ལྕག གྲོང་ཁྱེར་མཛེས་ལྗོངས་རྣམ་པ་མཐུན་སྦྱོར་བཅས་བྱས་ཏེ་གྲོང་ཁྱེར་གྱི་ས་ཁོངས་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་རྣམ་པ་བཅས་མངོན་པ་བྱེད་དགོས་པ་དང་། འཛུགས་སྐྲུན་འཆར་གཞིའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་རེའི་སྒོ་ནས་འཛུགས་སྐྲུན་གྱི་ཕྱིའི་མཛེས་ཉམས་གལ་ཆེར་བཟུང་རྒྱུ་འགོག་དགོས་པ།
         གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་གྲྭའི་སྤུས་ཚད་དང་འགན་འཁྲི་དོན་འཁྱོལ་དང་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་སྐྲུན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། ལས་གྲྭའི་དུས་འཁོར་དང་ཉེན་ཁའི་དོ་དམ་ལག་བསྟར། བདེ་འཇགས་ཐད་སྔོན་བརྡ་དང་དེ་བཞིན་འཕྲལ་སྡོམ་ཚོད་འཛིན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས་པ།
         ནུས་རྒྱུ་གྲོན་ཆུང་གི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། འཛུགས་སྐྲུན་ཐད་ཀྱི་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་གཏོང་བ་དང་འཛུགས་སྐྲུན་ཐད་ཀྱི་ནུས་རྒྱུ་གྲོན་ཆུང་གི་ཚད་གཞི་མཐོ་རུ་བཏང་ནས། ལྗང་མདོག་འཛུགས་སྐྲུན་དང་རྒྱུ་ཆ་ཁྱབ་གདལ་གཏོང་བ་དང་རིགས་དབྱེ་ནས་འཛུགས་སྐྲུན་ཐད་ཀྱི་དུས་འཁོར་ནུས་རྒྱུ་ཟད་ཚད་ཀྱི་ཚད་གཞིའི་བཅད་གྲངས་བཟོ་དགོས་པ།
         གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས། སྡོད་ཁང་སྐྱོ་ཁུལ་གྱི་བདེ་སྡོད་ལས་གྲྭར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་། གྲོང་ཁྲོད་གྲོང་ཚོ། ཉེན་སྡོད་ཁང་བཅས་སྒྱུར་བཀོད་བྱ་རྒྱུ་ལེགས་གྲུབ་བྱེད་དགོས། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཐད་དངུལ་ལོར་ཅན་གྱི་བཀོད་སྒྲིག་ལས་དོན་ཁྱབ་གདལ་གཏོང་བ་དང་། ས་འོག་ཕྱོགས་བསྡུས་བར་ཁྱམས་འཛུགས་སྐྲུན་དང་རིགས་ཁག་གི་མདོང་ལམ་སྒྲིག་བཀོད་འདིང་རྒྱུར་སྤྱི་འདོམས་བྱས་ཏེ་ས་འོག་གི་བར་མཐོངས་ཐོན་ཁུངས་ཕྱོགས་བསྡུས་ངང་སྤྱོད་དགོས་པ།
         གྲོང་ཁྱེར་གྱི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་དགོས། འགྱིག་བལ་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་སྐྱིལ་གསོག་ནུས་པ་ཆེ་རུ་གཏོང་བ། འབྲུབ་ཆུ་དང་འཁྱིལ་ཆུའི་གནོན་ཤུགས་ཆུང་དུ་བཏང་ནས་ཆུའི་ཐོན་ཁུངས་འཁོར་རྒྱུག་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རང་བྱུང་སྣོད་བཅུད་སླར་གསོ་བྱེད་པ་དང་སྣོད་བཅུད་སླར་གསོའི་ལས་དོན་གྱི་ཇུས་གཞི་བཟོ་བ་དང་འབྲེལ་ལག་བསྟར་བྱེད་དགོས་པ།
         གྲོང་ཁྱེར་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱེད་དགོས། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དོ་དམ་སྒྲིག་སྲོལ་སྒྱུར་བཅོས། གྲོང་ཁྱེར་བཅོས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང་། སྡེ་ཁུལ་བཅས་ཀྱི་དོ་དམ་ཞབས་ཞུའི་འགན་འཁྲི་དོན་འཁྱོལ་དང་། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་གྱི་རིག་ལྡན་དོ་དམ་ལ་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་ནུས་གྲོང་ཁྱེར་ཁག་གཅིག་བསྐྲུན་དགོས་པ་བཅས་བཏོན་ཡོད།