མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རེས་སྐོར་
གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་
བྱ་རྒྱུའི་བསམ་འཆར་སྐོར་གྱི་བརྡ་ཐོ་》བརྒྱུད་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉིན་ཤས་གོང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱ་རྒྱུའི་བསམ་འཆར་སྐོར་གྱི་བརྡ་ཐོ་》བརྒྱུད་སྤེལ་བྱས་ཤིང་། དེའི་ནང་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་འཛད་སྤྱོད་དགོས་མཁོ་དང་ཧུར་ཐག་འཚམ་པ་བྱས་ཏེ་གཅིག་འདོམས་འཆར་འགོད་དང་། མཐུན་སྦྱོར་འཕེལ་རྒྱས། གཙོ་གནད་མངོན་གསལ། ཆ་སྙོམས་མཉམ་སྤྱོད། གློག་ནུས་ཚབ་བྱེད། ལྗང་མདོག་ཐཱན་ཉུང་། ལམ་སྲོལ་གསར་གཏོད། དོ་དམ་ཤུགས་སྣོན་བཅས་ཀྱི་རྩ་དོན་གཞིར་བཟུང་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང་2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་ས་ཁུལ་དུ་བརྟན་ཞིང་བློས་འགེལ་ཆོག་པའི་གློག་གཏོང་ཞབས་འདེགས་རྩ་བའི་ཆར་ཁྱོན་ཡོངས་སུ་ཞུ་ཐུབ་པ་བྱས་ནས་གློག་གཏོང་བའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་གོང་མཐོར་མངོན་གསལ་དོད་པོ་བཏང་སྟེ་གྲོང་གསེབ་གློག་དྲ་ནས་གློག་གཏོང་ཐུབ་ཚད་99.8%དང་ཕྱོགས་བསྡུས་གློག་གནོན་གྱི་ཚད་གཞི་ལོན་ཚད་97.9%ཟིན་པ་དང་དུད་ཚང་རེར་ཆ་སྙོམས་བགོས་གཏོང་ཤོང་ཚད་ཧྥུ་ཨན་ཉིས་སྟོང་ལས་མི་དམའ་བ་བྱ་རྒྱུ་རེད། ཤར་རྒྱུད་ས་ཁུལ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་གཏོང་ཞབས་ཞུ་ཆ་སྙོམས་ཅན་དུ་གཞི་རྩའི་ཆར་འགྱུར་རྒྱུ་དང་། དབུས་ནུབ་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་གཏོང་ཞབས་ཞུའི་ཧེ་བག་ཆུང་དུ་ཤུགས་ཆེན་གཏོང་རྒྱུ། དབུལ་པོ་དང་ཐག་རིང་ལུང་ཁུག་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་གཞི་རྩའི་ཆར་བསྐང་རྒྱུ། རྫོང་རིམ་པའི་གློག་གཏོང་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་གཞི་རྩའི་ཆར་འཛུགས་རྒྱུ་བཅས་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱ་རྒྱུའི་གཙོ་གནད་ལས་འགན་གསལ་པོ་བཟོས་ཡོད་པ་སྟེ། གཅིག་ནས་ཚོང་འདུས་གྲོང་རྡལ་གསར་པ་དང་ལྟེ་གནས་གྲོང་ཚོའི་གློག་དྲ་དང་ཞིང་ལས་ཐོན་སྐྱེད་ལ་གློག་གཏོང་བའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྟེ་གནས་གྲོང་ཚོའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལེགས་སྒྲུབ་ཡོང་བ་བྱས་ནས་ཐང་གཤོངས་ཁུལ་གྱི་འཕྲུལ་ཁྲོན་ལ་ཁྱོན་ཡོངས་ནས་གློག་གཏོང་ཐུབ་པ་བྱ་རྒྱུ་དང་། གཉིས་ནས་གྲོང་གསེབ་གློག་དྲའི་མ་འཇོག་སྣ་མང་ཅན་ལ་སྐུལ་མ་བརྟན་པོ་བཏང་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་ཀྱི་རྣམ་པ་འཚོལ་ཞིབ་དང་ཚོང་ལས་ཀྱི་ལམ་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་གྲོང་གསེབ་གློག་དྲ་འཛུགས་སྐྲུན་སྒྱུར་བཀོད་ནང་གཏོང་རྒྱུའི་ཁྲིད་སྟོན་བྱ་རྒྱུ། གསུམ་ནས་བོད་དང་ཤིན་ཅང་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་འཛུགས་སྐྲུན་གྱི་འགག་སྒྲོལ་ཡག་པོ་ཡོང་བ་བྱས་ནས་2020ལོར་སླེབས་སྐབས་གློག་དྲ་རྐྱང་པའི་རྫོང་གྲོང་གི་དྲ་བ་སྦྲེལ་མཐུད་དང་བསྐྱར་སྐྱེས་ཐོན་ཁུངས་ཀྱི་ཁྱབ་ཆུང་གློག་དྲ་བསྐྲུན་ཐུབ་པ་བྱས་ཏེ་ཞིང་འབྲོག་ཁུལ་དུ་རྩ་བའི་ཆར་ཁྱོན་ཡོངས་ནས་གློག་གཏོང་ཐུབ་པ་བྱ་རྒྱུ། བཞི་ནས་ནུབ་རྒྱུད་དང་དེ་བཞིན་ས་ཁུལ་དབུལ་པོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་དང་དེ་བཞིན་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་གློག་གནོན་གྱི་ཚད་གཞི་མི་ལོན་པ་དང་། སྒྲོམ་གཞི་ཚད་དང་མི་མཐུན་པ། སྒུལ་བྱེད་གློག་ཤར་གཏོང་མི་ཐུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་ཀྱིས་2020ལོར་སླེབས་སྐབས་ས་ཁུལ་དབུལ་པོའི་གློག་གཏོང་ཞབས་ཞུའི་ཆུ་ཚད་དེ་ཞིང་ཆེན་དེའི་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་དང་སྙོམས་པ་བྱ་རྒྱུ། ལྔ་ནས་དབུས་ཤར་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་གཏོང་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་ནས་གྲོང་གསེབ་ཀྱི་གློག་དྲ་ཆ་འཕྲིན་ཅན་དང་། རང་འགུལ་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་ལ་རིམ་པས་གོང་མཐོར་བཏང་སྟེ་གློག་འདོན་སྤྲོད་ཀྱི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱ་རྒྱུ་བཅས་རེད།