མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་འདུ་གཉིས་ཀྱི་དོན་ཆེན་དང་མི་སེར་གྱི་བསམ་དོན་གཉིས་གཅིག་ཏུ་འབྲེལ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་04ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཐེ་ཞང་དང་། ཞུང་ཀྲེང་ཡན། ཡུས་ཅ་ཤིན། ཀྲོའུ་ནན་བཅས་ཀྱིས།
          2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་མི་སེར་བསམ་འདུན་མཉམ་དུ་འདུས་པ་དང་འཛམ་གླིང་གི་མིག་དབང་ཡང་ཚོགས་འདུ་གཉིས་ཀྱིས་འཕྲོག་ཡོད། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་པའི་ཚོགས་འདུ་གཉིས་དང་མི་སེར་གྱི་བསམ་དོན་དམ་པོར་འབྲེལ་ཡོད།
          【ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི】ཡིས་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་དཔེ་རིས་ཇི་འདྲ་ཞིག་འགོད་རྒྱུ་ཡིན་ནམ།
          “ལོ་ལྔ་ཚན་བཅུ་གཉིས་པ”ཡི་འཆར་འགོད་ལག་བསྟར་མཇུག་འགྲིལ་ནས་ཀྲུང་གོར་གྲུབ་འབྲས་གཟེངས་སུ་ཐོན་པའི་རྒྱུགས་ལན་ཞིག་ཕུལ་བ་སྟེ། ཕྱོགས་བསྡུས་རྒྱལ་སྟོབས་འཛམ་གླིང་ཡོངས་ཀྱི་དཔུང་རུ་དང་པོའི་ནང་བརྟན་པོར་གནས་པ་དང་། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཚད་ཨང་དང་པོར་སླེབས་པ། ཚོང་དོན་རྒྱལ་ཁབ་ཆེ་གྲས་ཨང་དང་པོར་རིམ་འཕར་བྱུང་བ་ལ་སོགས།
          “ལོ་ལྔ་ཚན་བཅུ་གཉིས་པ”ཡི་རིང་ཀྲུང་གོ་སྐས་རིམ་ཆེན་པོ་ཞིག་འཛེགས་ཡོད།“ལོ་ལྔ་ཚན་བཅུ་གསུམ་པ”ཡི་རིང་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་གསར་པ་ནུས་ཤུགས་ཡོད་རྒུས་ལེན་རྒྱུ་རེད། འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་རྩ་གནད་འཆར་ཟིན་ལ་ཞིབ་དཔྱད་གྲོས་བསྡུར་བྱ་རྒྱུ་རེད། འབྱུང་འགྱུར་ལོ་ལྔའི་ནང་འཐབ་ཇུས་ཆེན་པོ་གང་དང་། བཀོད་སྒྲིག་ཆེན་པོ་གང་། གྲགས་རྩོམ་ཆེན་པོ་གང་བཅས་ཐོན་རྒྱུ་ཡིན་ནམ། མི་རྣམས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།
          “‘ལོ་ལྔ་ཚན་བཅུ་གསུམ་པ’ནི་དབུལ་ནག་མི་འབོར་མེད་པ་བཟོ་རྒྱུ་དང་། ཁོར་ཡུག་སྦགས་བཙོག་ལ་འཐབ་བརྡ་གཏོང་རྒྱུ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱ་རྒྱུ་བཅས་ཀྱི་འགག་སྒྲོལ་དུས་མཚམས་ཤིག་ཀྱང་རེད། དེ་མི་སེར་དུང་ཕྱུར་དུ་མའི་བདེ་སྐྱིད་དང་འབྲེལ་བ་ཡོད” ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་གནས་ཚུལ་ཞིབ་འཇུག་ཁང་གི་ཡོའན་ཀྲང་དགེ་རྒན་ཆེ་མོ་བ་ཧུའུ་ཨན་ཀང་གིས་འཆར་འགོད་རྩ་གནད་འཆར་ཟིན་དེས་རེ་བས་ཁེངས་པའི་ཀྲུང་གོ་འཕེལ་རྒྱས་ཀྱི“དཔེ་རིས”གཅིག་འགོད་རྒྱུ་རེད།
          【མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས】རྒྱུན་རྣམ་གསར་པའི་འོག་ཡུལ་ཁམས་གསར་པ་ཇི་ལྟར་བྱས་ནས་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས་སམ།
          འཕེལ་རྒྱས་གཏོང་རྒྱུ་ནི་ལས་འགན་ཨང་དང་པོ་ཡིན་ལ་རྒྱལ་ཁབ་ཀྱི་དགོས་གལ་ཆེ་ཤོས་དང་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པ་ཞིག་ཀྱང་ཡིན།
          ལོ་ལྔའི་གོང་ཀྲུང་གོའི་དཔལ་འབྱོར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ད་ཆ་གྲངས་གནས་གཅིག་གི་ཐོག་ནས་འཕར་བར་བྱེད་པའི་དུས་མཚམས་སུ་སླེབས་པ། 2015ལོར་དཔལ་འབྱོར་འཕར་ཚད་6.9%ཡི་ཐོག་ནས་ལས་མཇུག་བསྡུས་ཡོད། འཕར་ཚད་མཐོ་པོ་ནས་འཕར་ཚད་འབྲིང་སྟོད་ལ་བསྒྱུར་བ་ནི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྟེན་པ་ལས་བྱུང་བ་ཞིག་རེད་ལ་ཀྲུང་གོའི་དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་པའི་དུས་མཚམས་རང་བཞིན་གྱི་ཁྱད་རྟགས་ཤིག་ཀྱང་རེད།
         “མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་སྒོ་ནས་ཐག་རིང་དུ་སྐྱོད་ཐུབ་པར་བྱེད་པའི“སྨན་ཐོ”ལྟ་བུ་རེད། ད་ཆ་མཁོ་སྤྲོད་ཕྱོགས་སྒྱུར་བཅོས་ཀྱི་ལས་འགན་ཆེན་པོ་ལྔའི་གྲས་ཤིག་ཡིན་པའི“ཐོན་ནུས་གཅོག་པའི”ལས་དོན་གཞན་གྱི་སྔོན་དུ་སྤེལ་འགོ་ཚུགས་ཤིང་། རྡོ་སོལ་དང་ལྕགས་དང་ངར་ལྕགས་ལས་རིགས་ཀྱི་ཐོན་སྐྱེད་བྱེད་ནུས་ཆེ་དྲགས་པའི་གནད་དོན་ཐག་གཅོད་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་པར་ལས་རིགས་ཁག་གིས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
          “མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པར་བྱེད་དགོས་པའི་ལྡོག་མེད་བླང་བྱ་ཞིག་རེད་ལ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་ཀྱང་རེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་(ཧའེ་ནན)སྒྱུར་བཅོས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོའན་ཀྲང་ཁྲེ་ཕུའུ་ལིན་གྱིས་བཤད་པ་རེད། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལས་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་མ་འོངས་སྔོན་ནས་མཐོང་ཐུབ།
          【གསར་གཏོད་ལ་བརྟེན་ནས་སྐུལ་འདེད】“སྒུལ་ཤུགས་ཨང་དང་པོ”དེ་ཇི་ལྟར་བྱས་ནས་འདོན་དགོས་སམ།
           ཁོར་ཡུག་ཐོན་ཁུངས་ཀྱི་འཇུར་མིག་ཚོད་འཛིན་ཕོག་པ་དང་། ངལ་རྩོལ་ནུས་ཤུགས་དང་མ་དངུལ་སོགས་ཀྱི་མ་གནས་ཇེ་མཐོར་སོང་བ། རང་རྒྱལ་གྱི་གཏན་འཇགས་ཀྱི་སྲོལ་རྒྱུན་འགྲན་རྩོད་ལེགས་ཆ་ཇེ་ཆུང་དུ་སོང་ཡོད། དེས་ན་གནད་ཆེའི་རྒྱུ་རྐྱེན་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་དང་མ་རྩར་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་དེ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་སྒྱུར་དགོས་ཀྱི་ཡོད།
           “ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་གྲོས་འགོའི་ནང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བཏོན་ཡོད། དེའི་ནང་གསར་གཏོད་ནི་འཕེལ་རྒྱས་ཀྱི་སྣེ་འདྲེན་པའི་སྒུལ་ཤུགས་ཨང་དང་པོ་རེད། ཀྲུང་ཧྭའི་ས་གཞི་ཆེན་པོར་རྒྱང་ནས་ལྟ་སྐབས་གསར་གཏོད་ཀྱི་མཐོ་རླབས་ལང་ལོང་དུ་འཕྱུར་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐུལ་འོག་ན་ནིང་གསར་དུ་ཐོ་འགོད་བྱེད་མཁན་ཁེ་ལས་ཆ་སྙོམས་བྱས་ན་ཉིན་ལྟར་ཁྲི་1.2ལས་བརྒལ་ཡོད་པ་རེད།
          ཇི་ལྟར་བྱས་ཏེ་གསར་གཏོད་ལ་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་འཕར་གཞི་གསར་པ་གསོ་སྐྱོང་བྱེད་དགོས་སམ། ཇི་ལྟར་བྱས་ཏེ“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”ལམ་ལུགས་དང་ཁོར་ཡུག་སྔར་བས་ཡག་པོ་གཏོད་དགོས་སམ། ཇི་ལྟར་བྱས་ཏེ་གསར་གཏོད་པ་ཚང་མའི་ཧུར་བརྩོན་རང་བཞིན་གང་ལེགས་འཕེལ་བར་བྱེད་དགོས་སམ། ཚོགས་འདུ་གཉིས་ནི་བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་གྱི་སྟེགས་བུ་གལ་ཆེན་ཞིག་རེད།
          【དབུལ་སྐྱོར་འགག་སྒྲོལ】ཇི་ལྟར་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དམ།
          འབྱོར་འབྲིང་ཡོང་མིན་དེ་གཙོ་བོ་མི་སེར་ལ་བལྟ་དགོས། རང་རྒྱལ་གྱི་དབུལ་སྒྲོལ་ལས་དོན་དེ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི“མཐའ་མའི་གདོང་མཆོང་དུས”སུ་སླེབས་ཡོད། ན་ནིང་ལོ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི<<དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས>>ནང་2020ལོར་རྒྱལ་ཡོངས་ཀྱི་དབུལ་པོའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་ཞེས་བཏོན་པར་གཞིགས་ན་ལོ་ལྔ་ཡི་དུས་ཚོད་ནང་ལོ་ལྟར་མི་ཁྲི་1170ལྷག་ཙམ་དབུལ་སེལ་ཐུབ་པར་བྱེད་དགོས་པ་དང་ཆ་སྙོམས་ཟླ་རེར་མི་ཁྲི་100ལྷག་ཙམ་དབུལ་སེལ་ཐུབ་པ་བྱེད་དགོས་ཀྱི་ཡོད། དེས་ན་དུས་ཚོད་ཐུང་ལ་ལས་འགན་ཡང་ཧ་ཅང་ལྕི་པོ་ཡོད་པ་རེད།
          དབུལ་སྒྲོལ་འགག་སྒྲོལ་གྱི“གདོང་མཆོང་དུང་བརྡ”གྲགས་པའི་སྐབས་དེར་གོམ་སྟབས་རྗེས་མར་དབུལ་སྐྱོར་ལས་དོན་ཇི་ལྟར་བྱས་ནས་སྤེལ་དགོས་སམ། ཇི་ལྟར་བྱས་ནས་གནད་སྨིན་དབུལ་སྐྱོར་ཐུབ་པར་བྱེད་དགོས་སམ། ཇི་ལྟར་བྱས་ནས་དབུལ་སྐྱོར་འགག་སྒྲོལ་ལས་འགན་དུས་བཀག་ནང་ལེགས་འགྲུབ་ཡོང་བ་བྱེད་དགོས་སམ། གནད་དོན་དེ་དག་ནི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་མང་བ་ཞིག་རེད་ལ་འཐུས་མི་ཨུ་ཡོན་ཚོས་རྒྱལ་ཇུས་ལ་ཐུན་མོང་ཐོག་གྲོས་བསྡུར་དང་ཐབས་དང་ཇུས་འདོན་པའི་གཙོ་གནད་ཅིག་ཀྱང་རེད།
         【ལྗང་མདོག་འཕེལ་རྒྱས】ཇི་ལྟར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་སམ།
          འདས་ཟིན་པའི་ལོ་ལྔ་ཡི་ནང“སྣོད་བཅུད”དང་། “ཁོར་ཡུག་སྲུང་སྐྱོང”“ལྗང་མདོག”སོགས་བརྗོད་དོན་གཙོ་བོ་སྔར་བས་མང་བ་ཞིག་རྒྱལ་ཁབ་ཀྱི་ལས་དོན་བཀོད་སྒྲིག་ནང་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང“མཛེས་སྡུག་ལྡན་པའི་ཀྲུང་གོ”ཞེས་པ་ཐོག་མར་བཏོན་པ་དང་2015ལོའི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་ཆགས་པར་སྐུལ་འདེད་གཏོང་རྒྱུར་སྔར་བས་སྣང་ཆེན་བྱེད་དགོས་པ”དང“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན”ཞེས་ནན་བཤད་བྱས་པ་དག་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དུ་རིམ་གྱིས་གྱུར་ཏེ་ཁོར་ཡུག་སྲུང་སྐྱོང་གི་མཉམ་ཤུགས་ཤིག་རྒྱུན་ཆད་མེད་པར་ཆགས་ཡོད་པ་རེད།
          མིག་སྔར་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་དེ་འཕེལ་རྒྱས་ཀྱི་བླང་བྱ་དང་མང་ཚོགས་ཀྱི་རེ་སྒུག་དང་ད་དུང་ཧེ་བག་ངེས་ཅན་ལྡན་ཡོད། 2016ལོའི་དཔྱིད་དུས་སུ་ཚོགས་འདུའི་ཕྱི་ནང་དུ་ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་གསར་པ་གང་ཐོན་རྒྱུ་ཡིན་ནམ། “མཛེས་སྡུག་ལྡན་པའི་ཀྲུང་གོ”འཛུགས་སྐྲུན་བྱེད་པར་ཐབས་གསར་པ་དང་བཀོད་སྒྲིག་གསར་པ་གང་ཞིག་ཡོད་དམ།
           【སྒྱུར་བཅོས་འགག་སྒྲོལ】ཇི་ལྟར་བྱས་ནས“དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན”ལེགས་སྒྲུབ་བྱེད་དགོས་སམ།
         གཞུང་འཁོར་སྒྱུར་བཅོས་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ས་ཞིང་ལམ་ལུགས་སྒྱུར་བཅོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སོགས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ། ཏང་འཛུགས་སྐྱོང་སོགས་ཕྱོགས་མང་པོ་ཞིག་ཚུད་ཅིང་། དེའི་ཁོངས་སུ་ཚུད་པའི་ཁྱབ་ཁོངས་ཆེན་པོ་15དང་སྒྱུར་བཅོས་བྱེད་ཐབས་གལ་ཆེན་330སྤེལ་ནས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཞིག་ཡོང་བ་བྱེད་དགོས།
         【རྒན་བྱིས་གཉིས】ཇི་ལྟར་བྱས་ནས་རྒན་གསོའི་སྤྱི་ཚོགས་འགན་བཅོལ་མ་ལག་གཏོད་དགོས་སམ།
          ཕྱོགས་གཅིག་ནི་ཀྲུང་གོ་དེ་ཉིད་ན་རྒས་ཅན་སྤྱི་ཚོགས་སུ་རིམ་གྱིས་གྱུར་པ་དང་། ཕྱོགས་གཞན་ཞིག་ནི“ཕྲུ་གུ་གཉིས་སྐྱེ་ཆོག་པའི”སྲིད་ཇུས་ལག་ལེན་བསྟར་བ་དེ་རེད། “རྒན་བྱིས་གཉིས”ཀྱི་ཁྱབ་ཁོངས་ཁྲོད་ད་དུང་དཀའ་གནད་མང་པོ་སེལ་རྒྱུ་ཡོད།
          “ཉལ་ཁྲི་གཅིག་ཐོབ་དཀའ་བ”དང“ཕྱུག་པོ་མ་ཆགས་གོང་རྒས་པ”སོགས་རྒན་གསོའི་གནད་དོན་རབ་དང་རིམ་པ་ཐོན་འགོ་ཚུགས་ལ“ཕྲུ་གུ་གཉིས”སྐྱེ་འདོད་རུང་སྐྱེ་མི་ཕོད་པའི་གནས་ཚུལ་ཡང་ཐོན་འགོ་ཚུགས་ཡོད། འབྱུང་འགྱུར་རྒན་གསོའི་སྤྱི་ཚོགས་འགན་བཅོལ་སོགས་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད། དེར་བརྟེན་པེ་ཅིང་སློབ་ཆེན་སྤྱི་ཚོགས་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལུའུ་ཅེ་ཧྭ་སོགས་མཁས་དབང་གིས་རྒན་གསོའི་གནོན་ཤུགས་ཆུང་དུ་འགྲོ་བ་བྱེད་དགོས་ཚེ་རྒན་གསོའི་དངུལ་གྱི་ལམ་ལུགས་ཇུས་འགོད་བྱེད་སྟངས་སྔར་བས་འཐུས་ཚང་དུ་གཏོང་དགོས་ལ་ཁྱིམ་སྡོད་རྒན་གསོ་དང་། སྡེ་ཁུལ་རྒན་གསོ། སྒྲིག་གཞིའི་རྒན་གསོ་སོགས་ལམ་ལུགས་བཀོད་སྒྲིག་བྱེད་སྟངས་ཀྱང་ལེགས་འགྱུར་བྱེད་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་འགན་བཅོལ་མ་ལག་གཏོད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས། གཞན་ཡང“ཕྲུ་གུ་གཉིས”སྐྱེ་རྒྱུར་སྤྱི་པའི་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད་དགོས་ཞེས་བཤད་པ་རེད།
           【བཟའ་བཅའི་བདེ་འཇགས】ཇི་ལྟར་བྱས་ནས“ལྕེ་ཐོག་བདེ་འཇགས”ཀྱི་འགག་སྒོ་ཡག་པོ་སྲུང་དགོས་སམ།
          2012ལོ་ནས་2015ལོ་བར་ལོ་ལྟར་གྱི་ཚོགས་འདུ་གཉིས་ཀྱི་གླེང་མང་བའི་ཐ་སྙད་ཨང་རིམ་ཐོག“བཟའ་བཅའི་བདེ་འཇགས”ནི་སྔར་བཞིན་འགག་རྩའི་ཚིག་ཅིག་ཡིན། དེས་ཕྱོགས་གཞན་ཞིག་ནས་བཟའ་བཅའི་ལས་རིགས་ཁེ་ལས་ཀྱི“ཆུང་ཐོར་ཟིང”གསུམ་དང་ཁྲིམས་འགལ་ཉེས་གསོག་གི་མ་གནས་དམའ་བ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང“ལྕེ་ཐོག་བདེ་འཇགས”ནི་སྔར་བཞིན་མི་སེར་སེམས་ནང་གི་དོན་ཆེན་ཞིག་ཡིན་པ་མངོན་གྱི་ཡོད་པ་རེད།
         བཟའ་བཅའི་བདེ་འཇགས་བཅོས་སྒྲིག་ལས་འགན་སྔར་བཞིན་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད། 2016ལོར་བཟའ་བཅའི་བདེ་འཇགས་འགན་ལེན་བྱ་རྒྱུའི་ཐད་རྒྱལ་ཁབ་ཀྱིས་བྱ་སྤྱོད་གང་ཞིག་སྤེལ་རྩིས་ཡོད་དམ། མི་རྣམས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།
          【རུལ་རྒོལ་གཙང་སྤེལ】ཇི་ལྟར་བྱས་ནས་རུལ་རྒོལ་གཙང་སྤེལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་དགོས་སམ།
          ད་ཕན་ལོ་ཤས་ནང་མང་ཚོགས་ལ་མིག་མདུན་གྱི“ སྦྲང་རུལ”གྱི་གནོད་འཚེ་མྱོང་ཚོར་ཟབ་མོ་བྱུང་ཡོད། “རུལ་སུངས་པ་རྡུང་ཤུགས་ཆུང་དུ་མི་གཏོང་བ་དེ‘སྟག་རྡུང’ཐད་མཚོན་པར་བྱེད་དགོས་པ་མ་ཟད། ད་དུང་གཞི་རིམ་དུ་སྣུར་བསྲིང་ཡང་བྱེད་དགོས” རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབང་ཡུས་ཁའེ་ཡིས་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོས་ཏེ་མི་སེར་ཉེ་འཁོར་གྱི་རུལ་སུངས་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།