མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་
ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་
ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་བཞིན་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད། ཚོགས་འདུའི་ཐོག་ད་དུང་དགེ་སྒྲུབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་གསན་པ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
          ཀྲང་ཏེ་ཅང་གིས་སྙན་སྒྲོན་གནང་སྐབས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་པ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བླང་བྱར་གཞིགས་པ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ཁྲིམས་བཞིན་དབང་ཆ་སྤྱད་པ་དང་ལས་དོན་ཧུར་ཐག་བསྒྲུབས་ཡོད། ལོ་གཅིག་རིང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཁག་ལྔ་བཟོས་པ་དང་། བཅའ་ཁྲིམས་ཁག་37དང་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་གྱི་གཏན་འབེབས་1བཟོ་བཅོས་བརྒྱབ་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་བཅའ་ཁྲིམས་གྲོས་གཞི་1གཏན་འཁེལ་བྱས་པ། འབྲེལ་ཡོད་བཅའ་ཁྲིམས་གནད་དོན་གྱི་གཏན་འབེབས་8ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ལག་བསྟར་བྱས་ཚུལ་6ལ་ཞིབ་བཤེར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྙན་སྒྲོན་ཁག་17གསན་པ་དང་གྲོས་ཞིབ་བྱས་པ། ཆེད་དོན་འདྲི་རྩད་ཐེངས་གསུམ་དང་ཆེད་དོན་བརྟག་ཞིབ་ཐེངས་3བྱས་པ། གྲོས་ཆོད་2ལ་གྲོས་འཆམ་བྱུང་ཡོད། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཁག་8དང་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཁག་6ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རང་རྒྱལ་དང་ཕྱི་རྒྱལ་དབར་འཇོག་རྒྱུའི་ཆིངས་ཡིག་དང་གྲོས་མཐུན་དང་དེ་བཞིན་ཞུགས་རྒྱུའི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་11ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁག་གཅིག་གི་གོ་གནས་བསྐོ་འཐེན་ལ་གཏན་འབེབས་དང་ཆོག་མཆན་སྤྲད་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་འཁེལ་ཟིན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་ཁག་ལེགས་གྲུབ་ཟིན་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་ཁག་གི་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།
         ཀྲང་ཏེ་ཅང་གིས་ནན་བཤད་གནང་དོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་བར་ཕྱི་གསུམ་དུ་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བཅས་ཀྱི་ཐོག་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ཁག་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་ཐུབ་ཡོད།
         ཀྲང་ཏེ་ཅང་གིས་ཕྱོགས་8ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་གཙོ་གནད་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། གཅིག་ནི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་འཛུགས་པའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་གཙོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། ཉེས་དོན་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་ཁག་གི་ཁྲིམས་འཛུགས་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་པ་དང་། གཉིས་ནི་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། རྩ་ཁྲིམས་དམ་འཇོག་གི་ལམ་ལུགས་འཛུགས་པ་དང་། རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་དམིགས་བསལ་བཙོན་གྲོལ་ལམ་ལུགས་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅའ་ཁྲིམས་བཟོ་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་གྲབས་ཐོ་འགོད་པའི་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་པ། གསུམ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཡོད། དབང་སྤྲོད་གཏན་འབེབས་ཀྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་དང་། བཅའ་ཁྲིམས་ཁག་གཅིག་བཟོ་བཅོས་བརྒྱབ་པའི་ཁྲོད་ཀྱི་རིགས་གཅིག་མཚུངས་སམ་ཡང་ན་འབྲེལ་ཡོད་གཏན་འབེབས་ལ་གཅིག་གྱུར་འཆར་འགོད། “སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་འབྲེལ་ཡོད་སྒྱུར་བཅོས་ལས་དོན་གནས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བཅས་བྱས་པ། བཞི་ནི་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་འཕེལ་རྒྱས་གསར་པ་ཡོང་བ་བྱས་ཡོད། ཁྲིམས་འཛིན་ཞིབ་བཤེར་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་པ། ལྔ་ནི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་ཚང་དང་འཕེལ་རྒྱས་ཡོང་བ་བྱས་ཡོད། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ལས་དོན་དང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་གོ་སྐབས་སུ་བཟུང་ནས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་འཐུས་ཚང་དང་འཕེལ་རྒྱས་ཡོང་བ་བྱེད་པ་དང་། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་སྐབས་བརྗེའི་འདེམས་བསྐོའི་བརྟག་ཞིབ་ལས་དོན་ལེགས་པར་སྒྲུབ་པ། ས་གནས་དང་མི་དམངས་འཐུས་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་པ། དྲུག་ནི་འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་ཁྱབ་སྤེལ་ཡོད། སྔར་ལས་ལྷག་པའི་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུགས་ལ་ཤུགས་སྣོན་དང་། འཐུས་མིའི་གྲོས་གཞིར་གྲོས་ཞིབ་ནན་ཏན་དང་འཐུས་མིའི་གྲོས་འགོ་སྒྲུབ་གཉེར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱས་པ། བདུན་ནི་ཕྱི་ཕྱོགས་སྤེལ་རེས་ལས་དོན་ཧུར་ཐག་སྤེལ་ཡོད། གྲོས་ཚོགས་ལམ་སྲོལ་སྤེལ་རེས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོས་ཚོགས་ཀྱི་ཕྱོགས་མང་ཕྱི་འབྲེལ་ལས་དོན་ཏན་ཏིག་སྤེལ་བ། རིམ་པ་ཁག་དབར་མཛའ་གྲོགས་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་པ། བརྒྱད་ནི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད།
         ཀྲང་ཏེ་ཅང་གིས་མཛུབ་སྟོན་གནང་དོན། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྡུར་ཚེ་ང་ཚོའི་ལས་དོན་ཁྲོད་ད་དུང་ཧེ་བག་དང་མི་འདང་ས་མི་ཉུང་བ་ཞིག་གནས་ཡོད། དེར་བརྟེན་ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཁེངས་སྐྱུང་ངང་ཉན་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་སུ་གཏོང་དགོས།
         སླད་ཕྱིན་ལོ་གཅིག་གི་ལས་འགན་གཙོ་བོའི་སྐོར་གླེང་སྐབས་ཀྲང་ཏེ་ཅང་གིས་མཛུབ་སྟོན་གནང་དོན། 2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཟུང་འབྲེལ་ནུས་ལྡན་ཡོང་བ་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་འགན་དབང་སྤྱོད་པ། ཁྲིམས་འཛུགས་དང་ལྟ་སྐུལ་གཙོ་གནད་དུ་འཛིན་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ཡག་པོ་འཛུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས།
          ཀྲང་ཏེ་ཅང་གིས་དུས་བབ་གསར་པའི་འོག་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཆ་ཚང་བའི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་ཅིག་མགྱོགས་མྱུར་ཆགས་པ་བྱེད་པ་དང་། ཁྲིམས་བཞིན་ལྟ་སྐུལ་འགན་དབང་སྤྱད་ནས་ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན་ཐུབ་པ་བྱེད་པ། འཐུས་མིའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་པ། ཕྱི་ཕྱོགས་འགྲོ་འོང་དང་། གསར་འགྱུར་དྲིལ་བསྒྲགས། རིགས་པའི་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ནས་2016ལོའི་ལས་དོན་གཙོ་བོ་རྒྱས་བཤད་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོས་དགེ་སྒྲུབ་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད་གནང་བ་རེད།