མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཁག་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་
འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཁག་སོ་སོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་
འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཀྱིས་ཚེས་10ཉིན་གྱི་སྔ་དྲོ་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ་རེད།
         ཞིས་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཞིས་ཅིན་ཕིང་ཚོགས་རར་ཕེབས་སྐབས་བོད་རིགས་དང་། སོག་པོ། ཧོར་རིགས་བཅས་ཀྱི་འཐུས་མི་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དཀར་གཙང་མཇལ་དར་ཕུལ་ནས་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་ཞུ་ལུགས་མཚོན་པར་བྱས། སྤྱི་ཁྱབ་ཧྲུའུ་ཅིས་ཁྱེད་ཚོ་བརྒྱུད་ནས་མི་རིགས་ཁག་གི་མི་དམངས་ལ་བཀྲ་ཤིས་བདེ་ལེགས་ཞུ་རོགས་ཞེས་གསུངས་པ་རེད། ཚོགས་འདུའི་ཐོག་ལུའུ་ཧུའེ་ཉིང་དང་། ཧའོ་ཕུང་། སྙིང་མོ་བྱམས། པེ་ཧྲེང་ཀྲུང་། པེ་ཤིའུ་ཧྭ། ཉི་མ་སྒྲོལ་མ། ཧན་ཡུང་ཏུང་། ཝང་ཤའོ་སོགས་འཐུས་མི་བརྒྱད་ཀྱིས་སྔ་རྗེས་སུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུ་དང་། ལྗང་མདོག་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས། སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཞུང་དྲང་ལ་སྐུལ་འདེད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན། གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་མཐའ་འཁྱོངས། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་སོགས་ཀྱི་གནད་དོན་ལ་དམིགས་ནས་བསམ་འཆར་བརྗོད་པ་རེད། ཞིས་ཅིན་ཕིང་གིས་ནན་ཏན་ངང་གསན་པ་དང་འབྲེལ་ཟིན་བྲིས་བཀོད་པ་དང་སྐབས་འགར་བཀའ་འདྲི་ཡང་གནང་བ་མ་ཟད། ཚང་མ་དང་དགོངས་འཆར་བརྗེ་རེས་གནང་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། དང་ཐོག་ཞིས་ཅིན་ཕིང་གིས་ལོ་གཅིག་རིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། མཚོ་སྔོན་གྱི་ལས་དོན་ལ་དམིགས་ཏེ་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱེད་པོའི་ནུས་པའི་ཁུལ་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་ཁུལ་དང་། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ཁུལ་བཅས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། མི་རིགས་ས་ཁུལ་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད། ཁོང་གིས་སྣོད་བཅུད་ཁོར་ཡུག་ཐད་ཚབ་བྱེད་དངོས་པོ་གཞན་མེད། ཚོད་མེད་སྤྱད་ན་མེད་པར་གྱུར་སྲིད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྱོང་ཐད་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དང་། ཕུགས་ཀྱི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་དགོས་ན། སྣོད་བཅུད་འདུ་འགོད་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྒྲིག མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་མཚོ་སྔོན་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོའི་བཀྲག་མདངས་ལྡན་པའི་མིང་བྱང་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཤིང་། ཞིས་ཅིན་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་ནི་དབུལ་སྐྱོར་འགག་སྒྲོལ་ཐད་ཀྱི་དཀའ་ཚེགས་ཆེ་ཤོས་དང་འགག་སྒྲོལ་དམག་འཐབ་ཀྱི་དུས་ཤིག་ཡིན་པས་ངེས་པར་དུ་བློ་སེམས་གཅིག་སྒྲིལ་དང་། ཤུགས་སྣོན་རྒྱག་པ། མྱུར་ཚད་མགྱོགས་སུ་གཏོང་བ། འཕེལ་རིམ་ལ་དམ་འཛིན། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་2020ལོར་སླེབས་སྐབས་ད་ལྟའི་ཚད་གཞིའི་འོག་གི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འཕུད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ལི་ཁེ་ཆང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་དང་། ལིའུ་ཤིན་ཆི། མན་མན་ཐེ་དབྱི་པུ་རེ་དབྱི་མུའུ·མན་མན་ཐེ་མིན་སོགས་ཀྱི་གཏམ་བཤད་གསན་རྗེས། ལི་ཁེ་ཆང་གིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད། ན་ནིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཤིན་ཅང་གིས་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པར་དམིགས་ནས་ཤིན་ཅང་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ་འཕེལ་རྒྱས་སྐུལ་འདེད་ལ་བརྟེན་ནས་ཡུན་རིང་བརྟན་ལྷིང་གི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ཡོད། ཐོན་ལས་གྲུབ་ཆ་མུ་མཐུད་བཟང་སྒྲིག་བྱས་ཏེ་ཞིང་ལས་དང་། འཁེལ་འཐག ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་བླང་བྱ་དང་འཚམ་པའི་ཐོན་ལས་སྤོ་སྒྱུར་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཐོན་ཁུངས་ཐོན་ལས་གཞན་གྱི་བསྡུར་ཚད་མང་དུ་བཏང་ནས་ཕྱི་ནང་དུ་སྒོ་མོ་འབྱེད་པའི“སྐར་ཁུང”གཏོད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་མུ་མཐུད་དེ་སྲིད་གཞུང་ལས་དོན་གྱི་ལྟེ་བའི་ལས་འགན་དུ་བརྩི་དགོས་པ་དང་། ཆུ་བེད་དང་། གློག་དྲ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ལ། རྒྱལ་ཁབ་ཀྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གཏོང་གི་རེད་ཅེས་གསུངས།
          ཀྲང་ཏེ་ཅང་ཧྲན་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་རུའུ་ལིན་དང་། ལི་ཞའོ་ཧྥུང་། ཧྲེན་ཅི་ལན་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས་འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྒྱབ་སྐྱོར་དང་ལྟ་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། མི་དམངས་འཐུས་ཚོགས་ཀྱིས་ཏང་གི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་འགན་འཁྲི་གཙང་སྒྲུབ་དང་འབད་འབུངས་ཏན་ཏིག་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་ཆེད་ཁྲིམས་སྐྱོང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཝང་ཆི་ཧྲན་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཧྲེ་ཐའེ་ཧྥུང་དང་། ཞིང་ཏིང་ཡུས། ཀྲུའུ་ཁེ་ཅང་སོགས་ཀྱི་གཏམ་བཤད་གསན་རྗེས་ཝང་ཆི་ཧྲན་གྱིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་བླངས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་སྙིང་སྟོབས་བརྟན་པོ་འཛུགས་དགོས་ལ། རྩོད་སྒྲུབ་ཀྱི་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ལ་བསྟུན་དགོས། ལོ་རྒྱུས་ཐོག་ནས་ཚན་རིག་ལ་བརྩི་འཇོག་བྱས་ན་ང་ཚོའི་བྱ་གཞག་འཕེལ་རྒྱས་འགྲོ་ཐུབ་པ་དང་དེ་ལས་ལྡོག་ཚེ་གྱོང་ཆེན་པོ་རག་སྲིད་པ་ར་སྤྲོད་བྱུང་ཡོད་ཅེས་གསུངས་པ་རེད།
           ཀྲང་ཀའོ་ལི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཁྲེན་ཆོན་གོ་དང་། བློ་བཟང་རྒྱལ་མཚན། ཚེ་དབང་རིག་འཛིན་སོགས་ཀྱི་གཏམ་བཤད་གསན་རྗེས་ཁོང་གིས་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཀྲང་ཀའོ་ལིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་པ་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།