མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་
གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་
གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་དང་། ཨུ་ཡོན་15ཡིས་ཆབ་སྲིད་འཛུགས་སྐྱོང་དང་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་ལས་དོན་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་ཡོད་པ་རེད། དེ་ཉིན་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། ལི་ཝུན་དབྱི། ཀྲང་ཆིང་ལི། ཀྲོའུ་ཞའོ་ཁྲོན། མཱ་པེའོ། ཝང་ཆིང་མིན་བཅས་ཡིན་པ་དང་། ལག་བསྟར་ཀྲུའུ་ཞི་ལི་ཧའེ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་དང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།
         ཨུ་ཡོན་ཝང་ཆོན་ཧྲུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པས་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཏང་གི་སྲིད་འཛིན་གནས་བབ་དེ་བས་བརྟན་དུ་དང་མི་དམངས་མང་ཚོགས་ལ་ཐོབ་སེམས་དེ་བས་མང་བ་བྱུང་བའི་ཁར་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་སྒྲིལ་ཐུབ་ཡོད་ཅེས་གསུངས་པ་རེད།
         ཨུ་ཡོན་ཀྲེང་ཅན་པང་གིས་དམངས་གཙོ་གསར་བརྗེ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས་ཞི་བདེའི་འཕེལ་རྒྱས་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་རེ་སྒུག་ཆེ་ཤོས་དེ་ཡིན། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་ཀྱིས“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ཚེ་གཞི་ནས་ངོགས་གཉིས་པོའི་འབྲེལ་བ་བརྟན་ལ་རྒྱུན་སྲིང་ཐུབ་ངེས་རེད་ཅེས་གསུངས་པ་རེད།
         ཨུ་ཡོན་ལི་ཡུས་ཀོང་གིས་གཏམ་བཤད་སྤེལ་སྐབས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་རྒྱུ་དེ་སྤུས་རྟགས་གཏོད་པའི་འཕེལ་རིམ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་བསྟན་གནང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཤེས་བྱའི་ཐོན་དབང་གི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཁ་གསལ་དུ་གཏོང་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཞུས་ཧུའེ་ཡིས་རྒྱལ་སྐྱོང་དམངས་དར་ཡོང་བར་སྔོན་ལ་འབད་འབུངས་ཧུར་ལེན་བྱེད་དགོས། སྲིད་འཛིན་ཐད་སྒྱིད་ལུག་དང་ལས་དོན་ལེགས་པར་མི་སྒྲུབ་པའི་གནད་དོན་གྱི་འགན་འཁྲི་བདའ་འདེད་ནན་པོ་བྱེད་པ་དེ་ནས་ཀྲུང་དབྱང་གི“སྲིད་ནན་པོས་སྐྱོང་བའི”འདུ་ཤེས་མཚོན་ཡོད་ལ་སྲིད་གཞུང་གི་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
         ཨུ་ཡོན་ཀྲང་ཧྲི་ཕིང་གིས་ཨུ་ཡོན་བཞིའི་ཚབ་ཞུས་ནས་མཉམ་འབྲེལ་གཏམ་བཤད་སྤེལ་སྐབས་རང་རྒྱལ་གྱི་མི་འབོར་ན་རྒས་ཅན་དུ་འགྱུར་བའི་དུས་བབ་ཛ་དྲག་པོ་ཡོད་པས་མི་འབོར་ན་རྒས་ཅན་གྱི་གནད་དོན་ལ་ཁ་གཏད་ཧུར་ཐག་བཅག་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། རྒྱུན་མཐུད་བཅས་ཀྱི་སྲིད་འཛིན་ཐེ་ཇུས་བྱས་པ་བརྒྱུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མི་འབོར་ན་རྒས་ཅན་ལས་ཐོན་པའི་ཤུགས་རྐྱེན་དམའ་ཤོས་སུ་གཏོང་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཝང་སུང་གིས་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་དང་རྒྱལ་ཡོངས་ཐའེ་དབན་སྤུན་ཟླའི་མཉམ་འབྲེལ་ཚོགས་འདུའི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས་ངོགས་གཉིས་པོའི་ཞིང་ལས་སྤེལ་རེས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཐུན་མོང་ཐོག་འབད་འཐབ་བྱེད་པའི་བརྒྱུད་རིམ་ནང་ངོགས་གཉིས་པོའི་སྤུན་ཟླ་ཚོས་ངོགས་གཉིས་པོའི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཚུའེ་ཧྲི་ཁྲང་གིས་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་བསམ་བློའི་ནང་ཨའོ་མོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེའི་ནང་བཅུག་ཡོད་པས་རྒྱལ་ཁབ་ཀྱིས་བཏོན་པའི་ཨའོ་མོན་དེ་ཉིད་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་སུ་སྐྲུན་དགོས་པའི་གོ་སྐབས་དམ་བཟུང་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་རྒྱལ་ཁབ་ཚོང་དོན་མཉམ་ལས་ཞབས་ཞུའི་སྟེགས་བུ་གཏོད་པའི་ལེགས་ཆ་འདོན་སྤེལ་བྱས་ནས་ཨའོ་མོན་གྱི་དཔལ་འབྱོར་སྣ་མང་འོས་འཚམ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཀྲང་ཧྥན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱ་ཤུགས་དེ་སྲིད་འཛིན་གནས་བབ་ལ་གདེང་འཇོག་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ནས་དབང་ཆ་དྲང་གཞག་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་དྭངས་གསལ་དང་སྲིད་གཞུང་སྤྱོད་གཙང་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཁྲེན་ཅན་གོས་ཀྲུང་གོའི་གློག་བརྙན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་གྱི་འགན་འཁྲི་གལ་ཆེན་ལྡན་ཡོད་པས་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་དང་དུས་མཚུངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཧྲའོ་ཧུང་གིས་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོའི་གྲས་ཤིག་ཡིན་པས་ངེས་པར་དུ་སྲུང་སྐྱོང་གཙོ་བཟུང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དང་ཁེ་ཕན་བགོ་བཤའི་ལམ་སྲོལ་འཛུགས་པ་དང་འབྲེལ་འཐུས་ཚང་དུ་གཏོང་བ་དང་སྦྲགས་འབྲི་ཆུའི་དོ་དམ་དང་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་སྤེལ་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཀྲེན་ཀྲེན་གྱིས་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་ལས་རིགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་ཀྱིས་དྲ་སྦྲེལ་དངུལ་རྩ་ལ་བརྟེན་པ་སོགས་ཀྱི་བྱ་ཐབས་གསར་པ་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་མི་མངོན་པའི་རྐྱེན་ངན་ཞིག་ཏུ་གྱུར་ཡོད་པས། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་རིགས་བཅོས་སྒྲིག་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་རིགས་བཅོས་སྒྲིག་བྱེད་པར་ངེས་པར་དུ་རྣག་ཐོག་གཙག་འཁེལ་དང་། ཕྱོགས་བསྡུས་ཇུས་འདོན། རྡུང་འགོག་མཉམ་སྤྱོད། གསེད་འགོག་ཟུང་འབྲེལ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
          ཨུ་ཡོན་ནུར་ལན·ཨ་པོ་ཏུའུ་མན་ཆིན་གྱིས་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློའི་སིམ་འཛུལ་གཏན་འགོག་གིས་གཏུམ་སྤྱོད་འཇིགས་སྐུལ་ཉེས་གསོག་ལ་རྡུང་རྡེག་གཏོང་བར་རྒྱལ་ཡོངས་གཅིག་མཐུན་གྱི་བསམ་བློ་བཙུགས་ནས་ཐུན་མོང་ཐོག་དོགས་ཟོན་བྱས་ཏེ་ཁ་གཏད་ཧུར་ཐག་གཅོག་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཞོལ་ཁྲེང་གིས་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྱི་གཞན་ཕན་བསམ་ཚུལ་དང་། བློ་གྲོས་ཐོན་ཁུངས། དད་པའི་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རླབས་ཆེན་ལག་ལེན་ཁྲོད་མཉམ་འབྲེལ་ཐུབ་པ་བྱས་ནས། ཆོས་ལུགས་ཀྱི་བྱམས་སྙིང་རྗེར་བརྟེན་ནས་རིན་ཐང་མོས་ཤུགས་ལེགས་སྐྱེས་འབུལ་བ་དང་། ཆོས་ལུགས་ཀྱི་བློ་གྲོས་བསམ་བློར་བརྟེན་ནས་ལག་ལེན་གྱི་སྒུལ་ཤུགས་ལེགས་སྐྱེས་འབུལ་བ། ཆོས་ལུགས་ཀྱི་བསམ་པའི་ཉམས་ལེན་ལ་བརྟེན་ནས་བསམ་པའི་གསར་གཏོད་ནུས་ཤུགས་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་རུང་པ་ཤིན་ནཱ་ཡིས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་དམིགས་བསལ་ལྟ་རྟོག་དང་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་གནང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་ཉན། རྒྱལ་ཁབ་ཀྱི་མོས་སེམས་ནི་ང་ཚོའི་བསམ་པའི་དོན་གཉེར་ཁོ་ན་ཙམ་མ་ཟད་ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཤུགས་ཆེའི་སྒུལ་ཤུགས་ཀྱང་ཡིན་ཞེས་གསུངས་པ་རེད།
        དམིགས་བསལ་ཚོགས་འདུར་ཟུར་ཞུགས་གནང་མཁན་ཨན་ཧུའེ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཧོ་ཙུང་ཝུན་གྱིས་རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཁྲི་བཅུ་ཕྲག་ཁ་ཤས་ཚང་མ་མང་ཚོགས་ཉེ་འགྲམ་གྱི་སྲིད་གྲོས་ཨུ་ཡོན་དུ་གྱུར་ཡོད་པས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་མང་ཚོགས་ཀྱི་རེ་འབོད་དེ་བས་ལེགས་པའི་ངང་གོང་དུ་ཞུ་བ་དང་། དུས་མཚུངས་མི་དམངས་མང་ཚོགས་ཚོས་སྲིད་གྲོས་ཀྱི་དྲོ་སྐྱིད་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཐོག སྲིད་ཞུགས་སྲིད་གྲོས་ལ་དེ་བས་ཕན་འབྲས་ལྡན་པ་དང་མང་ཚོགས་དང་དེ་བས་འབྲེལ་འདྲིས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།