མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་ནས་གསར་གཏོད་དེ་རང་རེའི་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་འཇོག་པ་དང་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མཆོང་སྐྱོད་གསར་པ་ཡོང་བ་བྱ་རྒྱུ་དེ་ནི་རང་རེའི་དམག་དཔུང་གི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩ་ཞིག་ཡིན་པར་བརྟེན། ངེས་པར་དུ་གསར་གཏོད་མཉམ་འགུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས། ནུས་ཤུགས་ཡོད་རྒུས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ཚན་རྩལ་གསར་གཏོད། ཚན་རིག་དང་མཐུན་པའི་དོ་དམ། ཤེས་ལྡན་པ་མཉམ་བསྡུས། ལག་ལེན་གསར་གཏོད་བཅས་ལ་དམ་འཛིན། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་གསར་གཏོད་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམག་སྟོབས་དམག་དར་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ལིའུ་གོ་ཀྲེ་དང་། ཀྲོང་ཁེ་ཀྲུའུ། ལེའང་ཤའོ་ཅིང་། དབྱང་པོ། ཝང་ཧྲུའུ། ཝང་ནེ། ལེའང་ཤུས། ལིའུ་ཤིན་སོགས་འཐུས་མི་བརྒྱད་ཀྱིས་ཁག་སོ་སོར་རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་། དམག་རྒྱག་སྟོབས་ཤུགས་གསར་པ་འཛུགས་སྐྱོང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གསར་གཏོད། རྐང་དམག་དམག་རྒྱག་ནུས་པ་གསར་པ་འཛུགས་སྐྱོང་། ཤེས་ལྡན་པའི་གསོ་སྦྱོང་གསར་གཏོད། འཐབ་ཇུས་ལམ་བུ་འཛུགས་སྐྲུན། དམག་དཔུང་དོ་དམ་གསར་གཏོད། དམག་དམངས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
         འཐུས་མི་ཚོའི་གཏམ་བཤད་གསན་རྗེས། ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བླང་བྱར་གཞིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ། དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་ཁྲིད་སྟོན་དུ་བྱེད་པ། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་བྱེད་པ། དམག་དཔུང་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་བཀག་ལྟར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི“གོམ་སྟབས་གསུམ་ལ་ཕྱེ་ནས་སྐྱོད་པའི”འཕེལ་རྒྱས་འཐབ་ཇུས་ཀྱི་གོམ་སྟབས་གཉིས་པའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་མཁན་གྱི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་པ་དང་གསར་གཏོད་མཉམ་འགུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཡིན་པས་ངེས་པར་དུ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། གསར་གཏོད་ནུས་པ་ནི་དཔུང་སྡེ་ཞིག་གི་སྲོག་ཤིང་འགྲན་རྩོད་ནུས་པ་ཡིན་ལ། འཐབ་ནུས་འཕེལ་བ་བྱེད་པ་དང་ཆེ་རུ་གཏོང་བའི་ཚ་འདེད་ཀྱི་ལག་ཆ་ཞིག་ཀྱང་ཡིན། རང་རེའི་དམག་དཔུང་འཛུགས་སྐྲུན་དང་སྒྱུར་བཅོས་ཀྱི་མངོན་གསལ་དོད་པའི་འགལ་ཟླ་འགོག་པ་དང་ཚོད་འཛིན་བྱེད་དགོས་ན། གསར་གཏོད་ཀྱི་བསམ་ཕྱོགས་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་འགག་སྒྲོལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཀྱིས་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། གསར་གཏོད་ལ་སྐུལ་འདེད། གསར་གཏོད་ལ་རྒྱབ་སྐྱོར། གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ཕན་འབྲས་མཐོ་བ། དེ་བས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། ཚན་རིག་དང་མཐུན་པའི་དམག་དོན་རིགས་པའི་གཞུང་ལུགས་ནི་འཐབ་ནུས་ཤིག་ཡིན་པས་དམག་དཔུང་སྟོབས་ཆེན་ཞིག་ལ་ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད། མིག་རྒྱང་ཆེ་རུ་གཏོང་དགོས་ལ། གཞན་གྱི་རྗེས་སུ་འགྲོ་རྐྱང་མི་བྱེད་དགོས་པ་དང་། ཀླད་པ་དཀྲུག་དགོས་ལ། དོན་དངོས་དང་མི་མཐུན་པའི་སྟོང་བསམ་མི་འཆང་བར་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་རབས་རང་བཞིན་དང་། ཁྲིད་སྟོན་རང་བཞིན། ཁྱད་འཕགས་རང་བཞིན་བཅས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་མགྱོགས་མྱུར་ཆགས་པ་བྱས་ཏེ་དམག་དཔུང་སྟོབས་ཆེན་དང་དར་རྒྱས་གཏོང་བའི་ལག་ལེན་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འདེགས་སྐྱོར་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་དམག་དཔུང་གིས་ངེས་པར་དུ་འཐབ་ཇུས་ཀྱི་འཐབ་ས་མདུན་མའི་ལག་རྩལ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་རང་བརྟེན་གསར་གཏོད་ཀྱི་ཐོག་ནས་རང་འགུལ་སྟངས་འཛིན་བྱས་ཏེ་མ་བྱུང་སྔོན་མཐོང་དང་མ་འོངས་སྔོན་ཤེས་ཡོང་བ་བྱས་ཐོག་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། རྗེས་སུ་བསྙེགས་པ་དང་ཚད་བརྒལ་གྱི་ཐབས་ཇུས་ཡང་དག་གཏན་འཁེལ་བྱས་ཏེ་གཙོ་རྒོལ་གྱི་ཁ་ཕྱོགས་དང་ཚད་བརྒལ་ས་གནད་ལ་འཁེལ་བའི་སྒོ་ནས་བདམས་ཏེ་སྔོན་ནས་བཀོད་སྒྲིག་དང་སྔོན་ནས་ཇུས་འགོད་ཀྱིས་ཁྱབ་ཁོངས་གལ་ཆེན་ཁ་ཤས་སུ་ཁྱད་འཕགས་ཀྱི་ལེགས་ཆ་ཆགས་པ་བྱེད་དགོས། གསར་གཏོད་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་སུ་བསྒྱུར་རྒྱུ་དང་སྤྱོད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གསར་གཏོད་ཀྱི་གྲུབ་འབྲས་དེ་ཏན་ཏན་ཏིག་ཏིག་གི་འཐབ་ནུས་སུ་སྒྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། དམག་དཔུང་གིས་དམག་རྒྱག་ཐུབ་མིན་དང་རྒྱལ་ཁ་ཐོབ་མིན་ཐད་ཚན་རིག་ལ་བརྟེན་ནས་དོ་དམ་བྱེད་པ་དེས་འགག་རྩའི་ནུས་པ་ཐོན་གྱི་ཡོད། དོ་དམ་གྱི་འདུ་ཤེས་གསར་འབྱེད་དང་། དོ་དམ་མ་ལག་འཐུས་ཚང་། དོ་དམ་གྱི་བརྒྱུད་རིམ་བཟང་སྒྲིག་བཅས་བྱས་ཏེ་ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རང་རེའི་དམག་དཔུང་དེ་སྤུས་ལེགས་ཕན་ཆེའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ལེགས་བསྡུས་ཞིབ་བཤེར་དང་ནུས་ཆེའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཤེས་ལྡན་མི་སྣ་ནི་གསར་གཏོད་ཀྱི་ལྟེ་བའི་རྒྱུ་རྐྱེན་ཡིན། ཤེས་ལྡན་མི་སྣ་རྩེ་གྲ་འབོར་ཆེན་མགྱོགས་མྱུར་བསྡུ་རྒྱུ་དེ་ནི་རང་རེའི་དམག་དཔུང་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། གསོག་ཉར། བེད་སྤྱོད་བཅས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ལམ་ལུགས་གསར་གཏོད་ཧུར་ཐག་བྱས་ནས་མིག་རྒྱང་སྔར་བས་རིང་བའི་ཐོག་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་མཉམ་བསྡུ་བྱས་ཏེ་བྱང་ཚད་མཐོ་བའི་གསར་གཏོད་ཅན་གྱི་དམག་དོན་ཤེས་ལྡན་མི་སྣའི་དཔུང་ཁག་ཆེན་པོ་ཞིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། དམག་ཡོངས་ཀྱི་དཔོན་དམག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་མ་ཟད། དམག་དཔུང་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་དམག་ཡོངས་ཀྱི་དཔོན་དམག་ཚོས་ཐུན་མོང་ཐོག་འབད་འབུངས་བྱེད་དགོས། རིམ་པ་ཁག་གིས་དཔོན་དམག་གི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱས་ཏེ་དཔོན་དམག་གི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་གསར་གཏོད་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་དགོས།
         ཞིས་ཅིན་ཕིང་གིས་དམག་དཔུང་གསར་གཏོད་དེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ནང་བཞག་ནས་དམག་དམངས་ཐུན་མོང་གསར་གཏོད་ཀྱི་ལས་དོན་ཤུགས་ཆེན་སྤེལ་ནས་རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་ཕན་པའི་སྒྲིག་སྲོལ་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་དམག་དམངས་མཉམ་འདྲེས་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།