མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་
ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པ་རེད།
          གོང་ཚེས་ཉིན་གྱི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་དགོས་པའི་འཐུས་མི་2943ཡོད་པ་དང་། དངོས་སུ་ཕེབས་པ་2853ཡོད་པ། འཐུས་མི་90ཞུགས་ཐུབ་མེད་ཅིང་། ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་པ་རེད།
         ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་ཕྱོགས་ལྔའི་ཐད་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་2015ལོར་ཁྲིམས་ལྟར་འགན་འཁྲི་སྒྲུབ་ཚུལ་སྙན་སྒྲོན་གནང་བ་སྟེ། གཅིག་ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱས་ཏེ་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གཉིས་ནི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་དེ་བས་ལེགས་པའི་སྒོ་ནས་བསྟུན་པ་དང་ཞབས་འདེགས་ཞུས་པ། གསུམ་ནི་དམངས་ཆེད་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྣ་མང་ཧུར་ཐག་ངང་བསྐངས་པ། བཞི་ནི་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། ལྔ་ནི་རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུས་ཏེ་མི་དམངས་ཁྲིམས་ཁང་གི་ལས་དོན་ཟམ་མི་ཆད་པར་ལེགས་སུ་བཏང་བ་བཅས་རེད།
         ཀྲོའུ་ཆང་གིས་2015ལོ་ནི་ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ལོ་ཞིག་ཡིན་ཞིང་། གཅིག་ནས་ཕྱོགས་ཡོངས་ནས་གྱོད་དོན་ཐོ་འགོད་ཀྱི་ལམ་ལུགས་སྒྱུར་བཅོས་བྱས་ཏེ་གྱོད་དོན་ཐོ་འགོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། གཉིས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ལས་ཀའི་ལྟེ་བ་གཤམ་དུ་ཕྱོགས་ཐུབ་པ། གསུམ་ནས་སྲིད་འཛིན་ཁུལ་དབྱེ་ལས་བརྒལ་བའི་ཁྲིམས་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་གཏུག་བཤེར་བྱེད་པའི་ཁྲོད་ཀྱི་ངོ་སོར་བརྟེན་ནས་གཞུང་དྲང་གི་ཁྲིམས་སྐྱོང་ལ་འགལ་རྐྱེན་བཟོ་བའི་གནད་དོན་ཐག་གཅོད་བྱེད་པར་ཕན་འབྲས་རགས་ཙམ་ཐོན་པ། བཞི་ནས་ཤེས་བྱའི་བདག་དབང་གི་ཁྲིམས་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ལྔ་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འདྲི་གཅོད་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་བ། དྲུག་ནས་ལག་བསྟར་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ། བདུན་ནས་བཅའ་ཁྲིམས་ཀྱི་གཅིག་གྱུར་བཀོལ་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁྲིམས་འཛིན་གྱི་སྤྱི་མོས་ནུས་པ་ཆེ་རུ་བཏང་བ། བརྒྱད་ནས་མི་སྣ་རིགས་དབྱེའི་དོ་དམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཁྲིམས་ཁང་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ། དགུ་ནས་མི་དམངས་མཉམ་ཞུགས་གྱོད་ཞིབ་པའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛིན་དམངས་གཙོར་སྐུལ་འདེད་བཏང་བ། བཅུ་ནས་ཁྲིམས་འཛིན་ཡོངས་བསྒྲགས་གཏིང་ཟབ་ཏུ་བཏང་སྟེ་ཀུན་བསྒྲགས་ཁྲིམས་འཛིན་ལ་སྐུལ་འདེད་བཏང་བ་བཅས་རེད་ཅེས་གསུངས་པ་རེད།
         ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ཚའོ་ཅན་མིང་གིས་ཕྱོགས་བདུན་ཐད་ནས་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ལོ་གཅིག་རིང་གི་ལས་དོན་གཙོ་བོ་སྙན་སྒྲོན་གནང་བ་སྟེ། གཅིག་ནས་ཁྲིམས་ལྟར་འཛིན་བཟུང་ཆོག་མཆན་སྤྲོད་པ་དང་ཞུ་གཏུག་རྒྱག་པ་སོགས་ཀྱི་འགན་ནུས་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ནས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱས་པ་དང་། གཉིས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱས་ཏེ་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱས་པ། གསུམ་ནས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་ལས་ཐོག་ཉེས་གསོག་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ། བཞི་ནས་ཁྲིམས་འཛིན་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཤུགས་ཆེར་ཧུར་ཐག་བཏང་ནས་དྲང་གཞག་དྲང་བདེན་གྱི་སྲུང་སྐྱོང་པ་བྱས་པ། ལྔ་ནས་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བཏང་བ། དྲུག་ནས་ཞིབ་དཔྱོད་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། བདུན་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུས་ཏེ་ཁྲིམས་སྐྱོང་བགྲོད་ལམ་ཐོག་ཞིབ་དཔྱོད་དབང་ཆ་སྤྱོད་ཐུབ་པའི་འགན་ལེན་བྱས་པ་བཅས་རེད།