མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་གཙོ་དར་སྤེལ་བློ་གྲོས་གཅིག་ཏུ་འདུས། མཐུན་སྒྲིལ་དམ་ཟབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
          ལས་འགོ་གསར་དུ་འཛུགས་པར་རྣམ་པ་གསར་པ་དགོས། རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩ་བྱ་སྤྱོད་ལ་ཐུག ཏང་དང་མི་དམངས་ཀྱིས་རེ་བ་ཆེན་པོ་བཅོལ་བའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་རྗེས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
         དེ་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོ་སྲིད་གྲོས་ཀྱི་རིགས་ཁོངས་ཁག་དང་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་། མཉམ་དུ་རྒྱལ་དོན་གྲོས་མོལ་གནང་བ། འཆར་གཞི་ཆེན་པོ་ཐུན་མོང་ཐོག་མཉམ་བཀོད་གནང་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིའི་ལས་དོན་སྙན་སྒྲོན་གསན་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་བ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་སྐོར་གྱི་འཆར་ཟིན་དང་། དགེ་སྒྲུབ་སྐོར་གྱི་བཅའ་ཁྲིམས་འཆར་ཟིན། དེ་བཞིན་སྙན་ཞུ་གཞན་དག་བཅས་ལ་གྲོས་བསྡུར་གནང་བ་མ་ཟད། ད་དུང་རྩ་ཆེའི་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་ཀྱང་བཏོན་གནང་ཡོད། ཚོགས་ཆེན་དེ་སྤྱོད་གཙང་གཞུང་དྲང་དང་། དངོས་དོན་ལེགས་གཉེར། གྲོས་བསྡུར་འཁྲུག་པ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་། ཨུ་ཡོན་ཚོས་གྲོས་མོལ་གཏིང་ཟབ་དང་རང་འགན་གཙང་སྒྲུབ་ཀྱིས་གྲོས་མོལ་དམངས་གཙོའི་ཐབས་ལམ་གཙོ་བོ་དང་ཆེད་དམིགས་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཤུགས་དང་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱང་བྱས་ཡོད།
         མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་རྒྱུའི་ནང་གནས་བླང་བྱ་ཞིག་རེད་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་རེད། ཚོགས་འདུའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱེད་དགོས་པ་དང་། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་སྟེ་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། ཏང་དང་སྲིད་གཞུང་། དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཡིད་ཆེས་བྱེད་པའི་བསམ་པ་དང་དད་པ་བྱེད་པའི་བསམ་པ་བརྟན་དུ་བཏང་ཡོད། དམངས་གཙོ་དང་ཤེས་པ་ཚུལ་བཞིན་པའི་གྲོས་བསྡུར་གནང་བ་དང་། བློ་གྲོས་གཅིག་འདུས་ཀྱིས་གྲོས་གཞི་བཏོན་པ། ལྟ་ཚུལ་གསར་བའི་གྲོས་འགོ་བཏོན་པ་བཅས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་ཚོས་གནད་དོན་ལ་སྡིགས་པ་དང་། རྣམ་དག་ཐབས་འདོན། དངོས་སྒྲུབ་ཇུས་འབུལ་བཅས་ཀྱི་འགན་འཁྲི་ལེགས་པར་བསྒྲུབས་པ་གང་ལེགས་མཚོན་གྱི་ཡོད། ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་ཕྱིར་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་པ་དང་། བློ་གྲོས་གཅིག་ཏུ་འདུས་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པའི”བརྗིད་ཆགས་ཤིང་ཡིད་དུ་འོང་བའི་རྒྱང་སྐྱོད་ལམ་བུར་རྒྱང་ལྟ་བྱེད་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བཞིན་བྱེད་རིན་ཆེན་པོ་ཡོད་པའི་འཐབ་ཇུས་གོ་སྐབས་དུས་མཚམས་སུ་གནས་ལ་འགལ་བ་དང་། ཉམས་ཉེན། མངོན་མེད་རྐྱེན་ངན་བཅས་མང་བའི་འགྲན་སློང་དྲག་པོ་ཞིག་ཀྱང་འཕྲད་རྒྱུ་རེད། དེས་ན་མི་དམངས་སྲིད་གྲོས་ཀྱིས་བརྗོད་དོན་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་དམ་པོར་དམིགས་ནས་སེམས་ཤུགས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་ཀྱི་ཡོད། བསམ་བློའི་ཐད་ངོས་འཛིན་གཅིག་མཐུན་ཡོང་ཚད་མཐོ་རུ་གཏོང་དགོས་ཤིང་། བསམ་བློ་ཆབ་སྲིད་ཐད་ངོས་འཛིན་གཅིག་མཐུན་ཡོང་ཚད་མཐོ་རུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འཕེལ་རྒྱས་ཐད་ཀྱི་ཐུན་མོང་ངོས་འཛིན་དང་། སྒྱུར་བཅོས་ཐད་ཀྱི་ཐུན་མོང་ངོས་འཛིན། ཁྲིམས་སྐྱོང་ཐད་ཀྱི་ཐུན་མོང་ངོས་འཛིན། རུལ་རྒོལ་ཐད་ཀྱི་ཐུན་མོང་ངོས་འཛིན། རིན་ཐང་ལྟ་བའི་ཐད་ཀྱི་ཐུན་མོང་ངོས་འཛིན་བཅས་ཡོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཐུན་མོང་ངོས་འཛིན་ཡོང་ཤུགས་ཆེ་རུ་གཏོང་བ་ལས་ཚང་མ་ཆ་འདྲ་ཡོང་རྒྱུ་ཨ་ན་ཨུ་ཚུགས་མི་བྱེད་པ་དང་། བར་ཁྱད་ལ་བརྩི་འཇོག་བྱེད་པ་ལས་ཕྱོགས་འགལ་ཆེ་རུ་མི་འགྲོ་བ་བྱེད་པ། ཁོང་ཡངས་སྣ་མང་ཡོང་བ་བྱེད་པ་ལས་གཙོ་ཁྲིད་བྱེད་ཤུགས་ཆུང་དུ་མི་འགྲོ་བ་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
         བྱ་སྤྱོད་ཐད་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་པོ་ཞིག་ཐོག་བཞག་ནས་ཏང་ཕྱིའི་མི་སྣའི་དམངས་གཙོའི་དབང་ཆར་བརྩི་འཇོག་དང་འགན་ལེན་ཏན་ཏིག་བྱེད་དགོས། བདེན་ལམ་ལ་བརྟེན་ནས་འབྲེལ་བ་བཙུགས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ལྷག་བསམ་ལ་བརྟེན་ནས་འབྲེལ་བ་བཙུགས་ཏེ་གཅིག་སེམས་གཅིག་གཏད། ཕུགས་བསམ་ལ་བརྟེན་ནས་འབྲེལ་བ་བཙུགས་ཏེ་འབད་བརྩོན་ལྷོད་མེད་བཅས་བྱེད་དགོས། མཐུན་སྒྲིལ་བྱེད་རྒྱ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མི་མང་པོར་མཐུན་སྒྲིལ་ཐུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་ཐུབ།
         མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་དམངས་གཙོ་བྱུང་ན་གཞི་ནས་གསོན་ཤུགས་འཕེལ་ཐུབ། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ལྟ་བུ་རེད་ལ་མི་དམངས་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་བྱེད་པའི་ཐོག་དམངས་གཙོའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། དམངས་གཙོའི་ཐབས་ལམ་རྒྱུན་ཆད་མེད་པར་བདེ་བགྲོད་ཐུབ་པ་བྱེད་པ། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག ལས་རིགས་ཁག་བཅས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ་སྲིད་ཞུགས་སྲིད་གླེང་དང་བྱ་གཞག་ཆེན་པོ་མཉམ་འགོད་བྱེད་པ། རྒྱ་ཁྱབ་ནུས་ལྡན་གྱི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ན་གཞི་ནས་སྤྱི་ཚོགས་ཡོངས་ཀྱི་འདུན་པ་དང་རེ་བའི་སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་ཐུབ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ལྡོག་མེད་བླང་བྱ་ཞིག་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ཁར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་གལ་ཆེའི་གནད་དོན་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐག་གཅོད་དཀའ་བའི་གནད་དོན། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་འགག་རྩའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་གཏིང་ཟབ་དང་། གཙོ་གནད་འགག་སྒྲོལ། གཅིག་སྡུད་ཐོག་སྲིད་གླེང་བཅས་བྱས་ནས་ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས་བྱ་རྒྱུ་དང་དམངས་གཙོའི་ཐོག་ནས་ཐབས་ཇུས་གཏན་འབེབས་བྱ་རྒྱུར་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས། མི་དམངས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་རེད་ལ་ཏང་དང་སྲིད་གཞུང་ལ་ལས་དོན་སྤེལ་སྟངས་ལེགས་སུ་གཏོང་རོགས་བྱེད་པའི་བྱེད་སྟངས་གལ་ཆེན་ཞིག་ཀྱང་རེད། གནད་དོན་སྟོན་ཕྱོགས་སུ་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་དང་སྲིད་ཇུས་གལ་ཆེན་ལག་བསྟར་བྱ་ཚུལ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་གལ་ཆེན་དོན་འཁྱོལ་བྱ་ཚུལ་ལ་དམ་པོར་དམིགས་པ་དང་། དོན་དངོས་ཁྲོད་དུ་ཟབ་སྐྱོད་ཀྱིས་གནས་ཚུལ་ངོ་མ་མཐིལ་རྟོགས་བྱེད་པ། ཚང་མའི་བློ་གྲོས་གཅིག་འདུས་བྱས་ནས་ཐག་གཅོད་བྱ་ཐབས་འདོན་པ་བཅས་བྱས་ཚེ་མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་གྱི་འགན་འཁྲི་སྔར་བས་ལེགས་པར་སྒྲུབ་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རྒྱུས་ཀྱི་ཡོལ་བ་ཆེ་མོ་འབྱེད་འགོ་ཚུགས་ཤིང་། བསམ་གཞི་གསར་པར་བརྟེན་ནས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་དགོས་པ་དང་། བསམ་བློ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་སྐྲུན་དགོས་པ། འཐབ་ཇུས་གསར་པར་བརྟེན་ནས་རྒྱལ་ཡོངས་ཀྱི་མཐོ་ཚད་གསར་པ་གཏོད་དགོས་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ང་ཚོ་མི་རབས་འདིའི་ཕྲག་ཏུ་བབས་ཡོད། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་མཐུན་སྒྲིལ་འབད་འཐབ་ཀྱི་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ་དང་། ཚུལ་མཐུན་དངོས་སྒྲུབ་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་དྲང་ནུས་གཅིག་ཏུ་འདུ་བ། མི་སེམས་གཅིག་སྒྲིལ་གྱིས་དམ་འཇོག་བསྐྱར་དར་གྱི་སེམས་ཤུགས་འཕེལ་བ་བཅས་བྱས་ན་མི་དམངས་སྲིད་གྲོས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རིང་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།