མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ། ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་16ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་སྤྲད་པ་དང་། དགེ་སྒྲུབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་43ལ་མཚན་རྟགས་བཀོད་ནས་ཡོངས་བསྒྲགས་གནང་བ་རེད།
         དེ་ཉིན་གྱི་ཚོགས་ཆེན་ཐོག་ཕེབས་དགོས་པའི་འཐུས་མི་2943ཡིན་པ་དང་། འཐུས་མི་2859ཕེབས་པ་དང་འཐུས་མི་84ཕེབས་མེད་ཅིང་། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         མཇུག་འགྲིལ་ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ལག་བསྟར་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཝང་ཁྲེན། ཧྲན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9པར་ཀྲང་ཏེ་ཅང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་ཚོགས་འདུས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ། སྙན་སྒྲོན་ནང་བཏོན་པའི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དམིགས་ཚད་དང་ལས་འགན་གཙོ་བོ་དང་། བྱ་ཐབས་གལ་ཆེན། 2016ལོའི་ལས་ཀའི་བཀོད་སྒྲིག་བཅས་ལ་མོས་མཐུན་བྱུང་ནས་སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བསྟན་ཡོད་པ་རེད།
         ཚོགས་འདུའི་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་ཚོགས་འདུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་སྒྲོན་ལ་མོས་མཐུན་བྱུང་ནས་འཆར་འགོད་རྩ་གནད་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན་ཞེས་བསྟན་པ་དང་། ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད་པ་དང་དེའི་ནང་བཏོན་པའི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་། གཙོ་གནད་ལས་འགན། བྱ་ཐབས་གལ་ཆེན་དག་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་དང་འཚམས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་མཚོན་པ་དང་དུས་རབས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་བླང་བྱ་མངོན་ཡོད་པས་འབད་བརྩོན་བྱས་ཚེ་མངོན་འགྱུར་ཐུབ་ངེས་ཡིན་པའི་ངོས་འཛིན་གནང་བ་རེད།
         ཚོགས་འདུའི་ཐོག་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆའ་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་སྤྲད་པ་དང་། 2015ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། 2015ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2016ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་དགེ་སྒྲུབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་2016ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་སྙན་སྒྲོན་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད།
         ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧོང་རུན་ཆིའུ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དགོངས་པ་ཞུ་རྒྱུའི་རེ་འདུན་ཁས་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
         ཚོགས་ཆེན་གྱི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་ཀྲང་ཏེ་ཅང་གིས་གསུང་བཤད་གནང་ཞིང་། ཁོང་གིས་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་སྔོན་གཏན་འཁེལ་བའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད། ད་ཐེངས་ཚོགས་འདུའི་གྲུབ་འབྲས་གལ་ཆེན་ཞིག་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལ་ཞིབ་བཤེར་ཆོག་མཆན་སྤྲད་ཡོད་པ་དེ་ཡིན། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་གྱིས་འཕེལ་རྒྱས་གཏོང་རྒྱུ་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་གཅིག་འདོམས་ཐོག་སྐུལ་འདེད་གཏོང་བ། དུས་བཀག་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་རྨང་གཞི་དེ་བས་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པ་དང་། 2016ལོའི་རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་དགེ་སྒྲུབ་བཅའ་ཁྲིམས་ནི་རང་རྒྱལ་གྱི་དགེ་སྒྲུབ་ལམ་ལུགས་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ཀུན་སྤྱོད་དར་སྤེལ་བཏང་ནས་རང་རྒྱལ་གྱི་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
         ཀྲང་ཏེ་ཅང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ལག་བསྟར་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པ། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་གསལ་རྟོགས་ཐུབ་ཤུགས་ཆེ་རུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་ཆགས་པ་བྱེད་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།