མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་
སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་
ཞུ་གསན་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་
སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་
ཞུ་གསན་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཆེད་མངགས་གསན་ཞིང་། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་གྲ་སྒྲིག་ཡག་པོ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲི་ཡང་ཧ་ཅང་ལྕི་པོ་ཡོད། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་ནན་པོ་བྱེད་པ། ལྗང་མདོག་ཨོ་རྩལ་འགྲན་ཚོགས་དང་། མཉམ་སྤྱོད་ཀྱི་ཨོ་རྩལ་འགྲན་ཚོགས། སྒོ་དབྱེའི་ཨོ་རྩལ་འགྲན་ཚོགས། སྤྱོད་གཙང་གི་ཨོ་རྩལ་འགྲན་ཚོགས་བཅས་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲབས་གཉེར་ལས་འགན་ཁག་ཚད་གཞི་མཐོ་པོ་དང་སྤུས་ཚད་ལེགས་པོའི་སྒོ་ནས་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉིས་ངོ་མཚར་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་འཛོམས་ཤིག་གཉེར་ནས་མེས་རྒྱལ་གྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བློ་ཡིད་ཚིམ་པའི་ལན་ཞིག་འདེབས་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲང་ཀའོ་ལི་ཚོགས་འདུར་ཞུགས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། 2015ལོའི་ཟླ་7ཚེས་31ཉིན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཉེར་དབང་དེ་པེ་ཅིང་ལ་སྤྲོད་རྒྱུའི་འདེམས་ཤོག་འཕངས་ནས་གཏན་འཁེལ་བྱས་པ་དང་། ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཕྱག་ཡིག་སྤྲིངས་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཡིད་ཆེས་གནང་བ་དང་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། 2015ལོའི་ཟླ་8ཚེས་20ཉིན་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཚུལ་གྱི་སྙན་ཞུ་ཆེད་མངགས་གསན་པ་དང་གྲབས་གཉེར་ལས་དོན་ལ་ཞིབ་འཇུག་གནང་བ་མ་ཟད། ལྗང་མདོག་ཨོ་རྩལ་འགྲན་ཚོགས་དང་། མཉམ་སྤྱོད་ཀྱི་ཨོ་རྩལ་འགྲན་ཚོགས། སྒོ་དབྱེའི་ཨོ་རྩལ་འགྲན་ཚོགས། སྤྱོད་གཙང་གི་ཨོ་རྩལ་འགྲན་ཚོགས་བཅས་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད། 2015ལོའི་ཟླ་11ཚེས་13ཉིན་ཞིས་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་དོན་ཁག་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉིས་ངོ་མཚར་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཁྱད་དུ་འཕགས་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་འཛོམས་ཤིག་ཏུ་གཉེར་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཅིན་ལུང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་གྱི་སྤྱིའི་འཆར་གཞི་དང་འཕེལ་རིམ་སྐོར་གྱི་སྙན་ཞུ་གནང་བ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ལིའུ་ཕུང་གིས་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་རྒྱུ་དང་གངས་འཁྱགས་ལུས་རྩལ་གྱི་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་གནང་བ། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཁེ་ཀྲེས་ཧོ་པེས་འགན་འཁུར་བའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ལས་དོན་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་གནང་བ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧའེ་ཏིས་དབང་པོ་སྐྱོན་ཅན་གྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་དང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་གནས་ཚུལ་སྙན་ཞུ་གནང་བ་རེད།
         སྙན་ཞུ་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་པེ་ཅིང་དུ་གོ་ལ་ཧྲིལ་པོས་དོ་སྣང་ཆེན་པོ་བྱེད་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་ཚེ་མི་རིགས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོའི་མཐུན་སྒྲིལ་འབད་འཐབ་གཅིག་ཏུ་སྒྲིལ་རྒྱུར་ཕན་པ་ཡོད་པ་དང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དང་ཞི་བདེ་འཕེལ་རྒྱས་ཀྱི་ལངས་ཕྱོགས་འཛམ་གླིང་ལ་སྔར་བས་མངོན་པ་བྱ་རྒྱུར་ཕན་པ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱས་ཏེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་བཟང་པོ་མཁོ་འདོན་བྱ་རྒྱུ་རེད་ལ་རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་རྒྱུར་གོ་སྐབས་བཟང་པོའང་མཁོ་འདོན་བྱ་རྒྱུ་རེད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལུས་རྩལ་ཐང་དང་ཁང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ནི་གྲབས་གཉེར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་དུས་རིམ་རིང་བ་དང་། ལས་འགན་ལྕི་བ། རེ་བ་མཐོ་པོ་བཅས་ཡོད། ལས་ཀའི་འཕེལ་རིམ་མགྱོགས་སུ་བཏང་སྟེ་འགྲན་བསྡུར་སྐབས་ཀྱི་དགོས་མཁོ་དང་འགྲན་བསྡུར་རྗེས་ཀྱི་བེད་སྤྱོད་བྱ་རྒྱུར་བསམ་བློ་གང་ལེགས་གཏོང་བ་དང་། ད་ཡོད་ལུས་རྩལ་ཐང་དང་ཁང་གི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱེད་པ། སྔོན་ཐོན་ཚན་རྩལ་བྱ་ཐབས་བེད་སྤྱོད་བྱ་རྒྱུར་སྣང་ཆེན་བྱེད་པ། སྤྱོད་གོ་ཆོད་པ་དང་སྣོད་བཅུད་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ། གྲོན་ཆུང་གི་རྩ་དོན་མཐའ་འཁྱོངས་བཅས་བྱེད་པ་ལས་རྒྱས་སྤྲོས་ལོངས་སྤྱོད་དང་ཡང་བསྐོར་བསྐྱར་བསྐོར་གྱི་འཛུགས་སྐྲུན་བྱེད་མི་རུང་། གངས་འཁྱགས་ལུས་རྩལ་ཐོག་མཐའ་བར་གསུམ་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གངས་འཁྱགས་ལུས་རྩལ་གྱི་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་བ། གངས་འཁྱགས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དགུན་དུས་མང་ཚོགས་ཀྱིས་ལུས་རྩལ་ལུས་སྦྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་དགོས། རང་རྒྱལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་སྟེ་ལུས་རྩལ་བརྗོད་བྱ་གཙོ་བོར་བརྩི་བ་དང་རིག་གནས་ནང་དོན་དུ་བརྩིས་ནས་བྱེད་ཐབས་སྣ་མང་དང་གསོན་ཉམས་ལྡན་པའི་རིག་གནས་དྲིལ་བསྒྲགས་བྱེད་སྒོ་འཆར་འགོད་བྱས་ནས་སྤེལ་ཏེ་སྤྱི་ཚོགས་ལས་རིགས་ཁག་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་རྒྱ་ཁྱབ་ངང་འགུགས་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཁྱབ་ཏུ་བྱས་ཏེ་ཀྲུང་གོའི་སྒྲུང་གཏམ་ཡག་པོ་ཤོད་པ་དང་ཀྲུང་གོའི་འབོད་སྒྲ་ཁྱབ་སྤེལ་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱ་རྒྱུ་དེར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྒྲིག་སྲོལ་དང་། ལམ་སྲོལ། དོ་དམ། སྲིད་ཇུས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། འགྲིམ་འགྲུལ་དང་། ཁོར་ཡུག ཐོན་ལས་སོགས་ཁྱབ་ཁོངས་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔོན་ལ་ཚོད་ལྟ་བྱེད་པ་དང་། གཙོ་གནད་དུ་ཚད་བརྒལ་བྱེད་པ། གནད་ཀྱིས་ཁྱོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པོ་བཅས་ཐུན་མོང་འཕེལ་རྒྱས་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་གྱི་ནུས་པ་ལྡན་ཡོད། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་གྱི་སྐུལ་འདེད་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་རྒྱལ་སའི་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ་བྱས་ནས་པེ་ཅིང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པོ་བཅས་ས་ཁོངས་འཕེལ་རྒྱས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱ་རྒྱུ་དེ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། རྩ་འཛུགས་ཀྱི་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་བློ་གྲོས་གཅིག་འདུས་བྱེད་པ། ལས་རིགས་ཁག་གི་སྟོབས་ཤུགས་གཅིག་འདུས་བྱེད་པ་བཅས་བྱས་ནས་གྲབས་གཉེར་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། འགོ་ཁྲིད་ཚོགས་ཆུང་གིས་གྲབས་གཉེར་ལས་དོན་གྱི་གལ་ཆེའི་གནད་དོན་དང་དོན་ཚན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་དང་ཕྱོགས་ཁག་གིས་ཐུན་མོང་ཐོག་གྲབས་གཉེར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་འགན་འཁྲི་ཁུར་བ་དང་གཙོ་གནད་ལས་འགན་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཅུག་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དོན་འཁྱོལ་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྒྲིལ་སྲོལ་དང་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་། པེ་ཅིང་གྲོང་ཁྱེར། ཧོ་པེ་ཞིང་ཆེན། པེ་ཅིང་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་སྦྲེལ་མཐུད་དང་ལས་ཀའི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་ཁག་གི་ལས་དོན་ཁ་ཕྱོགས་གཅིག་གྱུར་དང་འཕེལ་རིམ་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གྲབས་གཉེར་ལས་དོན་ནང་རྒྱ་ཁྱབ་ཏུ་ཞུགས་དགོས། སྒྲིག་སྲོལ་ལམ་ལུགས་ཁག་འཛུགས་པ་དང་། སྔོན་རྩིས་དོ་དམ་ནན་པོ་བྱེད་པ། ཨོ་རྩལ་འགྲན་ཚོགས་གཉེར་བའི་མ་གནས་ཚོད་འཛིན་བྱེད་པ། བརྒྱུད་རིམ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉིས་གངས་འཁྱགས་ལྟར་དྭངས་གཙང་ལྷད་མེད་ཅིག་ཏུ་གཉེར་དགོས་ཞེས་བསྟན་གནང་བ་རེད།