མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་
པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་22ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་2016ལོའི་ལོ་ཚོགས་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཀྲང་ཀའོ་ལིས་འདས་ཟིན་པའི་ལོ་ལྔ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་། ང་ཚོས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པའི་ཐོག་འཕེལ་རྒྱས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་གནང་བ་དེ་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པ”དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་གཅིག་སྡུད་ཐོག་མངོན་ཡོད། ང་ཚོས་གསར་གཏོད་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། མཐུན་སྦྱོར་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་དོ་སྙོམས་འཕེལ་རྒྱས་ཀྱི་གྲུབ་ཆ་ནུས་ཤུགས་ཡོད་རྒུས་ཆགས་པ་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ། སྒོ་དབྱེའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཁེ་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ། མཉམ་སྤྱོད་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་ཀྱི་ལས་འགན་ཆེ་པོ་ལྔ་དམ་འཛིན་བྱེད་དགོས། ཐོན་ནུས་ལྷག་མ་ཐག་གཅོད་འོས་འཚམ་བྱེད་པ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། ས་ཁང་བདག་ཁོངས་ཀྱི་མཁོ་སྤྲོད་དང་དགོས་མཁོའི་བགྲོད་ལམ་ཤར་བགྲོད། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་པ་དང་སེལ་བ། ཉམས་ཞན་ལྷུ་ཚིགས་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ། ནུས་ལྡན་ངང་མཁོ་སྤྲོད་བྱེད་ཚད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས་པ་དང་འབྲེལ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་གཞོགས་འདེགས་བྱས་ནས་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལག་བསྟར་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་འདི་ལོ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཡིན་ལ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན། མིག་སྔར་འཛམ་གླིང་དཔལ་འབྱོར་ལེགས་སྒྲིག་གཏིང་ཟབ་དང་དཔལ་འབྱོར་སླར་གསོ་བྱེད་དཀའ་བ་མ་ཟད། ཀྲུང་གོའི་དཔལ་འབྱོར་ཐད་འཕར་ཤུགས་ཆག་པའི་གནོན་ཤུགས་ཆེན་པོ་འཕྲད་ཡོད། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་གཞིར་བཟུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་བར་མཚམས་ནང་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ཏན་ཏིག་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲང་ཀའོ་ལིས་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་རྒྱུར་འཕེལ་རྒྱས་གཏིང་ཟབ་ཕྱིན་པར་བརྟེན་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་ལས་དབང་དེ་བས་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱུང་ཡོད། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ཁྲོད་དུ་ཕན་པ་ཐོབ་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཁབ་ཁག་ལ་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་མཉམ་ལས་ཀྱི་གོ་སྐབས་མང་པོ་ཞིག་ཐོབ་རྒྱུ་དང་། རང་ཉིད་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཁག་ལ་དེ་བས་ཕན་པ་ཐོབ་པ་བྱས་ཡོད། འདི་ལོ་ཀྲུང་གོས་ཧང་ཀྲོའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་འཚོགས་ཏེ་ང་ཚོས་ཁོངས་མི་ཁག་དང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་རྒྱལ་ཁབ་ཉི་ཤུ་ཚོགས་པ་སྲུང་སྐྱོང་ཡག་པོ་དང་། འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ནས“གསར་གཏོད་དང་། གསོན་ཤུགས། མཉམ་སྒུལ། བསྟུན་མཁས”བཅས་ཀྱི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།