མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་23ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁེ་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁེ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་མང་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནང་མཉམ་ལས་དེ་བས་དམ་ཟབ་བྱ་རྒྱུའི་མོས་མཐུན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀའོ་ཁེ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐེངས་དང་པོ་དེར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་འཇར་མན་དབར་གྱི་སྤེལ་རེས་མཉམ་ལས་དམ་ཟབ་ཀྱི་རྣམ་པ་དེ་ལོ་རྒྱུས་ཀྱི་དུས་གང་རུང་ལས་ལེགས་པ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ཆུ་ཚད་དེ་དེ་བས་མཐོ་བའི་རིམ་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དེ་བས་རྒྱ་ཁྱབ་བཅས་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུ་དེ་བས་མང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་མང་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་དགོས་ན། གལ་འགངས་ཆེ་ཤོས་ནི་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་ཐུགས་ཁུར་བྱེད་གནས་གལ་ཆེན་ཐད་ལྟ་རྟོགས་དང་བརྩི་འཇོག་བྱས་ཏེ་མཐུན་པའི་ཆ་རྒྱ་ཆེར་གཏོང་བ་དང་མི་མཐུན་པའི་ཆ་ཆུང་དུ་ཧུར་ཐག་བཏང་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། མཐོ་རིམ་དབར་འགྲོ་འོང་བྱེད་ཚད་ཟབ་ཏུ་བཏང་ནས་གྲོས་མོལ་དང་སྐད་ཆ་བྱེད་པའི་ལམ་སྲོལ་ཡག་པོ་སྤྱོད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་པ་དེར་བསྔགས་བརྗོད་བྱ་རྒྱུ་དང་། འཇར་མན་ཕྱོགས་ཀྱིས་དགེ་མཚན་ལྡན་པའི་ལངས་ཕྱོགས་དེ་མུ་མཐུད་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་《ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་བྱ་སྤྱོད་རྩ་གནད་》ནང་བཏོན་པའི་མཉམ་ལས་ཐད་ཀྱི་ཐུན་མོང་ངོས་འཛིན་དང་གྲོས་འགོ་མགྱོགས་མྱུར་དམ་འཛིན་བྱེད་བཞིན་ཡོད། གོམ་སྟབས་རྗེས་མར་ཕྱོགས་གསུམ་པའི་མཉམ་ལས་དེ་འགོ་འཛུགས་སར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དེ་ཉིད་དང་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་མཐུད་སྦྲེལ་བསྐྲུན་རྒྱུར་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཏེ་རྒྱལ་སྤྱིའི་ཁྲོམ་ར་གཏོད་དགོས། རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་ཀྱི་འགྱུར་ལྡོག་དང་བདེ་འཇགས་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་དང་འཇར་མན་གྱིས་འདི་ལོ་དང་སང་ལོ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་ཚོགས་འདུ་གཙོ་གཉེར་བྱ་རྒྱུ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་རིམ་གལ་ཆེན་ཐད་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། སྨྱན་སྦྱོར། གཞོན་ནུ། ལུས་རྩལ་སོགས་རྒྱ་ཁྱབ་ཁྱབ་ཁོངས་ནང་སྤེལ་རེས་བྱེད་ཚད་མང་དུ་གཏོང་དགོས་པ་དང་འབྲེལ་ཀྲུང་གོ་དང་འཇར་མན་གྱི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལོའི་བྱེད་སྒོ་ཡག་པོ་གཉེར་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ང་ཚོས་ཡོ་རོབ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཡོ་རོབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། ཀྲུང་གོའི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་དང་ཡོ་རོབ་ཀྱི་མ་འཇོག་འཆར་གཞི། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་བཅས་མཐུད་སྦྲེལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཞི་བདེ་དང་། འཕར་བ། སྒྱུར་བཅོས། ཤེས་དཔལ་བཅས་ཕྱོགས་ཆེན་པོ་བཞིའི་རོགས་ཟླའི་འབྲེལ་བ་འཛུགས་འདོད་ཡོད། འཇན་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་གླིང་དེ་ཉིད་དང་ཡོ་རོབ་དཔལ་འབྱོར་གླིང་འབྲེལ་མཐུད་བྱེད་པའི“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་དང་འཇར་མན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དངོས་གཉེར་མཉམ་ལས་ཟབ་ཏུ་གཏོང་ཆོག་ཅེས་གསུངས་པ་རེད།
         ཀའོ་ཁེས་འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་གཅེས་འཛིན་བྱེད་ཀྱི་ཡོད། འཇར་མན་དང་ཀྲུང་གོ་གཉིས་ཀྱི་སྤྱི་ཚོགས་ལམ་ལུགས་མི་འདྲ་མོད། འོན་ཀྱང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། མིག་སྔར་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་བྱེད་ཟབ་ཏུ་ཕྱིན་པ་དང་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་འདྲ་བས། འཇར་མན་ཕྱོགས་ཀྱིས་རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒོ་འབྱེད་རང་བཞིན་དང་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་རོགས་ཟླ་རྣམ་པའི་མཉམ་ལས་ལས་དོན་མུ་མཐུད་སྤེལ་འདོད་ཡོད་ཅེས་བཤད་པ་རེད།