མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་སྡེ་ཚན་གྱིས་བྱ་སྤྱོད་རིགས་བརྒྱད་ཀྱིས་སྒེར་གྱི་
ཆ་འཕྲིན་ཕྱིར་འགྱར་སླ་བའི་དྲན་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། དྲ་བའི་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་སྒེར་གྱི་ཆ་འཕྲིན་ལེགས་སྒྲིག་དང་། བསྡུ་ཉར། བརྒྱུད་གཏོང་བཅས་སྟབས་བདེ་རུ་ཕྱིན་ཡོད། དྲ་ཐོག་ནས་ཅ་ལག་ཉོ་བ་དང་། ཁ་བརྡ་གློད་པ། སྦྲག་ཐོག་བསྐུར་མ་བསྐུར་བ། དཔྱད་ཡིག་པར་ལོག་རྒྱག་པ་སོགས་བྱེད་སྐབས་རང་ཉིད་ཀྱི་མིང་དང་། ཐོབ་ཐང་ལག་ཁྱེར། ཁ་པར། སྡོད་གནས་སོགས་སྒེར་གྱི་ཆ་འཕྲིན་ཕྱི་ལ་འགྱར་ཚེ་བསླུ་བྲིད་བྱེད་མཁན་གྱིས་བསྡིགས་ཏེ་གྱོང་གུན་ཚབས་ཆེན་ཕོག་གི་ཡོད། གང་འདྲ་བྱས་ཏེ་ཆ་འཕྲིན་ཕྱིར་མི་འགྱར་བ་བྱེད་དགོས་སམ།
         གསར་འགོད་པས་སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གཤམ་གསལ་གྱི་གནས་ཚུལ་རིགས་བརྒྱད་ལ་དོགས་ཟོན་བྱེད་དགོས་པ་སྟེ།
         གཅིག  དྲ་ཐོག་ནས་ཅ་ལག་ཉོ་སྐབས་ཉ་འཛིན་དྲ་བར་དོགས་ཟོན་བྱེད་དགོས། དྲ་ཐོག་ནས་ཅ་ལག་ཉོ་སྐབས་དྲ་ཐོག་གི་ས་གནས་ལ་ཞིབ་ཕྲ་བལྟ་བ་ལས་རྒྱུས་མངའ་མེད་པའི་གཉེན་ཆས་དང་ལེན་དང་སྒྲིག་སྦྱོར་བྱ་རྒྱུ་མེད་ལ་དངུལ་ཁང་གི་རྩིས་ཐོ་དང་གསང་རྟགས་འབྲི་སྐབས་ཡིད་གཟབ་བྱས་ཏེ་ཉ་འཛིན་དྲ་ཚིགས་ལ་དོགས་ཟོན་བྱས་ཏེ་སྒེར་གྱི་ཆ་འཕྲིན་ཕྱིར་འགྱར་ནས་དཔལ་འབྱོར་གྱོང་གུན་མི་ཕོག་པ་བྱེད་དགོས།
         གཉིས།  མགྱོགས་སྐྱེལ་སྤ་སེ་དང་། རླངས་འཁོར་སྤ་སེ། ཅ་ལག་ཉོས་པའི་སྤ་སེ་སོགས་སྒེར་གྱི་ཆ་འཕྲིན་འཁོད་པའི་འཛིན་ཤོག་གང་བྱུང་དུ་དབྱུག་རྒྱུ་མེད། མགྱོགས་སྐྱེལ་སྤ་སེའི་ཐོག་ཅ་ལག་ཉོ་མཁན་གྱི་མིང་དང་། ཁ་པར། སྡོད་གནས་བཅས་ཡོད་པ་དང་། རླངས་འཁོར་གྱི་སྤ་སེ་དང་གནམ་གྲུའི་སྤ་སེའི་ཐོག་མིང་དང་ཐོབ་ཐང་ལག་ཁྱེར་ཡོད། ཅ་ལག་ཉོས་པའི་སྤ་སེའི་ཐོག་མིང་དང་། དངུལ་ཁང་གཱ་གི་ཨང་གྲངས། འཛད་སྤྱོད་ཐོ་འགོད་སོགས་ཀྱི་ཆ་འཕྲིན་ཡོད། གལ་ཏེ་རང་དགར་དབྱུག་ན། གཞན་གྱི་ལག་ཏུ་ཐེབས་ནས་སྒེར་གྱི་གསང་བ་ཕྱིར་འགྱར་ཉེན་ཆེ།
         གསུམ།  པར་ལོག་བརྒྱབ་པའི་ཐོབ་ཐང་ལག་ཁྱེར་ཐོག་གང་དུ་སྤྱོད་མིན་གསལ་པོ་འབྲི་དགོས། དངུལ་ཁང་དང་། སྒུལ་བདེ། ལན་ཐུང་འཕྲིན་གཏོང་བཅས་ཀྱི་ཚོམས་ཆེན་ཁང་དང་། རྒྱུགས་ལེན་གྱི་མིང་ཐོ་འགོད་པ། དྲ་ཐོག་སློབ་གྲྭའི་སློབ་སྦྱོང་འཛིན་གྲྭར་ཞུགས་པ་སོགས་ལ་ཐོབ་ཐང་ལག་ཁྱེར་གྱི་པར་ལོག་སྤྲོད་དགོས་པ་དང་ཐ་ན་ཡིག་རྒྱག་ཁང་དང་པར་ལོག་ཁང་ཁ་ཤས་ཀྱིས་སྟབས་བདེ་སྤྱད་དེ་པར་ལོག་འཕྲུལ་འཁོར་ནང་གཞན་གྱི་ཆ་འཕྲིན་དཔྱད་ཡིག་ཉར་གྱི་ཡོད།
         བཞི།  རང་ཉིད་ཀྱི་ལོ་རྒྱུས་འཁོད་པའི་ནང་དོན་འབྲི་སྐབས་འབྲི་དགོས་ངེས་ཀྱི་ཆ་འཕྲིན་ལས་འབྲི་རྒྱུ་མེད། མིག་སྔར་མི་དེ་བས་མང་བས་དྲ་ཐོག་བརྒྱུད་རང་ཉིད་ཀྱི་ལོ་རྒྱུས་འཁོད་པའི་ནང་དོན་བསྐུར་ནས་ལས་ཀ་འཚོལ་གྱི་ཡོད། ཀུང་སི་ལ་ལས་ངོ་རྒྱུགས་བྱེད་སྐབས“སྒེར་གྱི་ཆ་འཕྲིན་རེའུ་མིག”ཅེས་པ་སྤྲད་ནས་ཁྱིམ་ཚང་དང་འབྲེལ་བའི་གསལ་བཤད་དང་། ཕ་མའི་མིང་། སྒེར་གྱི་ཁ་པར་ཨང་གྲངས་དང་སྡོད་གནས། སློབ་ཐོན་སློབ་གྲྭ(སློབ་ཆུང་ནས་འབྲི་དགོས་པ) དཔང་མི(ཐ་ན་སློབ་གྲྭའི་དཔང་མི་འབྲི་དགོས་པ) ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་སོགས་འབྲི་རུ་འཇུག་གི་ཡོད།
         ལྔ།  དཔོད་ཕྲན་དང་འཁོར་རྒྱ་དང་གླེང་མོ་བྱེད་སྐབས་སྒེར་གྱི་ཆ་འཕྲིན་མི་འགྱར་བ་བྱེད་དགོས། དཔོད་ཕྲན་དང་QQསོགས་ཀྱི་ཐོག་ནས་གཞན་དང་ཁ་བརྡ་གློད་སྐབས་ཕ་རོལ་པོའི་མིང་དང་། གོ་གནས། ལས་ཀའི་ཚན་པ་སོགས་ཀྱི་ཆ་འཕྲིན་བརྗོད་པར་ཐལ་གྱི་ཡོད། ཆ་འཕྲིན་དེ་དག་ཁྲིམས་འགལ་བས་སྤྱོད་པ་དང་དྲ་ཐོག་ནས་ཁ་བསླུས་རྒྱག་པའི་དོན་ཡང་ཆ་འཕྲིན་དེ་རིགས་ཕྱིར་འགྱར་བ་ནས་ཐོན་གྱི་ཡོད།
         དྲུག  སྐད་འཕྲིན་ནང་པར་བསྐུར་སྐབས་ཡིད་གཟབ་བྱེད་དགོས། ཁྱིམ་བདག་ལ་ལས་གྲོགས་པོའི་འཁོར་རྒྱའི་ནང་ཕྲུ་གུའི་པར་དང་། མིང་། སློབ་གྲྭ སྡོད་གནས་བཅས་བསྐུར་གྱི་ཡོད་ལ། ལ་ལས་མེ་འཁོར་གྱི་སྤ་སེ་དང་གནམ་གྲུའི་སྤ་སེའི་པར་བསྐུར་སྐབས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་སོགས་ལ་དོ་སྣང་མི་བྱེད་པས་སྒེར་གྱི་ཆ་འཕྲིན་ཕྱིར་འགྱར་གྱི་ཡོད།
         བདུན།  དྲ་ཐོག་བརྟག་དཔྱད་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུར་ཡིད་གཟབ་བྱེད་དགོས། དྲ་བའི་ནང་འཛུལ་སྐབས་རྒྱུན་དུ“བརྟག་དཔྱད་འདྲི་ཤོག”དང་། བྱ་དགའ་འཐེན་པའི་བྱེད་སྒོ རིན་མེད་སྦྲག་བསྐུར་དཔྱད་ཡིག་རེ་ཞུ། ཚོགས་མིའི་གཱ་རེ་ཞུ་སོགས་ཀྱི་བྱེད་སྒོ་ཡོད་པ་དེ་དག་ལ་འབྲེལ་བ་བྱེད་སྟངས་དང་ཁྱིམ་ཚང་གི་སྡོད་གནས་སོགས་སྒེར་གྱི་ཆ་འཕྲིན་གསལ་པོ་འབྲི་དགོས་ལུགས་བརྗོད་ཀྱི་ཡོད།
         བརྒྱད།  རིན་མེད་wifiནང་འཛུལ་ན་ཆ་འཕྲིན་ཕྱིར་འགྱར་སླ་པོ་ཡོད། ལག་ཐོགས་ཁ་པར་ཐོག་ནས་wifi(སྐུད་མེད་དྲ་བ)བདམས་ཏེ་སྤྱི་པའི་wifiནང་འཛུལ་ན་རང་ཉིད་ཀྱི་ཆ་འཕྲིན་ཕྱིར་འགྱར་སླ་པོ་ཡོད།