མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས"རྐུ་འཕྲོག་བསླུ"གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་21དང་22ཉིན་འཚོགས་པའི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི“རྐུ་འཕྲོག་བསླུ”གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བཞི་པ་ནས་བཟུང་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་དུས་ཡུན་ལོ་གསུམ་གྱི“རྐུ་འཕྲོག་བསླུ”གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་རྐུ་ཁྱེར་དང་། འཕྲོག་བཅོམ། ཁ་བསླུས། བརྐུས་རྫས་མེད་པ་བཟོ་བ་སོགས་ཐོན་མང་བའི་རྒྱུ་ནོར་བཙན་བདག་བྱས་པའི་ནག་ཉེས་བྱེད་སྤྱོད་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་དགོས་པའི་བཀོད་སྒྲིག་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང“རྐུ་འཕྲོག་བསླུ”གསུམ་གྱི་རྒྱུ་ནོར་བཙན་བདག་བྱས་པའི་ནག་ཉེས་གྱོད་གཞི་མང་པོ་ཐོན་ཡོད། 2015ལོར་རྒྱལ་ཡོངས་སུ“རྐུ་འཕྲོག་བསླུ”གསུམ་གྱི་ཉེས་གསོག་གྱོད་གཞི་སྒྲུབ་གཉེར་བྱས་ཚད་ཀྱིས་ཉེས་དོན་གྱོད་གཞི་ཡོངས་ཀྱི་84%ཟིན་ཡོད། ཉེས་གསོག་དོགས་ཅན་ཁག་གཅིག་གིས་ས་བབ་ཐད་ཀྱི་འབྲེལ་བ་དང་། ཁྲག་རྒྱུད། གཉེན་ཉེའི་འབྲེལ་བ་བཅས་འབྲེལ་ཐག་ཏུ་བྱས་ནས་ཚོགས་པ་བསྒྲིགས་ཏེ་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་འཁྱམ་མྱུལ་བྱས་ནས་ཉེས་པ་གསོག་རྒྱུ་དེ་ས་ཁོངས་རང་བཞིན་གྱི་ལས་རིགས་ཉེས་གསོག་ཚོགས་སྤྱིར་གྱུར་བཞིན་ཡོད། ལག་ཐོགས་ཁ་པར་གྱི་ཁྲོམ་ར་དང་། རླངས་འཁོར་རྙིང་པའི་ཁྲོམ་ར། གསེར་དངུལ་རྒྱན་ཆ་ལས་སྣོན་བྱེད་ས་སོགས་སུ་བརྐུས་རྫས་མེད་པ་བཟོ་ས་བཙུགས་ནས་བརྐུས་རྫས་མེད་པ་བཟོ་བའི་དྲ་རྒྱ་རྒྱལ་ཡོངས་སུ་ཁྱབ་ཡོད། ས་ཆ་ཁག་གཅིག་ཏུ་ཁྲོམ་གཞུང་ནས་གློག་སྒུལ་སྦག་སྦག་དང་རྐང་འཁོར་སོགས་རྐུ་བའི་ཉེས་གསོག་བྱེད་སྤྱོད་མང་པོ་ཐོན་གྱི་ཡོད་པས་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་དུ་གྱུར་ཡོད།
          ཆེད་དོན་བྱ་སྤྱོད་ཀྱིས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་ལམ་སྲོལ་གསར་པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་མྱུལ་ཞིབ་བྱེད་སྟངས་བསྒྱུར་བ་དང་རྡུང་རྡེག་གཏོང་ཐབས་གསར་གཏོད་བྱས་ཏེ་ས་ཁོངས་ལས་བརྒལ་བའི་ཚོགས་བསྒྲིགས་ཉེས་གསོག་རབ་དང་རིམ་པ་དང་། ས་ཁོངས་རང་བཞིན་གྱི་ལས་རིགས་ཉེས་གསོག་ཚོགས་སྤྱི། བརྐུས་རྫས་མེད་པ་བཟོ་བའི་ཉེས་གསོག་བྱེད་སྤྱོད། ཁྲོམ་གཞུང་དུ་ཉེས་པ་གསོག་མཁན་གྱི་ཉེས་ཅན་ལང་ཤོར་བ་དང་ནག་ཉེས་བསྐྱར་གསོག་པ་བཅས་གཙོ་གནད་དུ་བརྩིས་ནས་ཉེས་གསོག་གྱོད་གཞི་འབོར་ཆེན་ཞིག་རྩད་བཅད་པ་དང་། ཚོགས་པ་འབོར་ཆེན་ཞིག་བཅོམ་པ། ཉེས་གསོག་དོགས་ཅན་འབོར་ཆེན་དང་ལྷག་དོན་དུ་ཉེས་ཅན་ལང་ཤོར་བ་དང་ནག་ཉེས་བསྐྱར་གསོག་པ་འབོར་ཆེན་ཞིག་ལ་ཆད་པ་བཅད་དེ་རྐུ་ཁྱེར་དང་། འཕྲོག་བཅོམ། ཁ་བསླུས། བརྐུས་རྫས་མེད་པ་བཟོ་བ་སོགས་ཐོན་མང་བའི་རྒྱུ་ནོར་བཙན་བདག་བྱས་པའི་ནག་ཉེས་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་ནུས་ཤུགས་ཡོད་རྒུས“རྐུ་འཕྲོག་བསླུ”གསུམ་གྱི་གྱོད་གཞི་ཐོན་པའི་འཕེལ་ཕྱོགས་བཀག་འགོག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།