མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་23ཉིན་གྱི་སྔ་དྲོ་ཧའེ་ནན་སན་ཡ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་། ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང“གཙང་ཆུ་མཉམ་དུ་འཐུང་། ལས་དབང་གཅིག་ཏུ་སྦྲེལ”ཞེས་པའི་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འཕེལ་རྒྱས་ཇུས་ཆེན་ཐུན་མོང་ཐོག་གླེང་གནང་བ་རེད།
         ལི་ཁེ་ཆང་གིས་ཀྲུང་གོ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་རི་ཆུ་གཅིག་ཏུ་སྦྲེལ་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། དེ་ནི་རང་བྱུང་གི་མཉམ་ལས་རོགས་ཟླ་དང་མཛའ་གྲོགས་ཀྱི་ཁྱིམ་མཚེས་ཤིག་རེད། ཀྲུང་གོ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་དབར་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཁེ་ཕན་མཉམ་འདྲེས་ཟབ་མོ་དང་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་གསར་གཏོད་དེ་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་ལྟར་རྒྱལ་ཁབ་ཁག་གི་ནང་གནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་རྒྱུར་ཕན་པ་ཡོད་ལ་ཨེ་ཤེ་ཡའི་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་སྦྱིན་ངེས་རེད། མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལྔ་པོ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་མི་གལ་ཆེན་ཞིག་ཡིན་པས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་དང་ཐུན་མོང་གི་སྒྲིག་གཞི་སྐྲུན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་སྒྲོམ་གཞིར་ཁ་གསབ་ཡག་པོ་བྱས་པ་ཞིག་ཡིན་པས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རིམ་སྤོར་དཔེ་དབྱིབས་སྐྲུན་རྒྱུར་ཕན་ཐོགས་ཡོད། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དེའང་ལྷོ་ལྷོ་མཉམ་ལས་ཀྱི་ལག་ལེན་གསར་པ་ཞིག་ཡིན་པས་ང་ཚོས་ལག་གདང་སྦྲེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་ཆོད་སེམས་བརྟན་པོ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།