མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་
བྱ་ཆེད་ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་25ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་
བྱ་ཆེད་ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་སྲུང་སློབ་ཆེན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་རྒྱལ་སྲུང་སློབ་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མི་ཡོངས་དང་ཧྲི་ཡན་གྱི་འགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད། ཁོང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་བསྐྲུན་དགོས་པ་མ་ཟད། རང་རེའི་དམག་དཔུང་གི་སློབ་གླིང་དང་སློབ་གྲྭ་འཛུགས་སྐྲུན་ཐད་ངེས་པར་དུ་ཤུགས་སྣོན་ཆེན་པོ་རྒྱག་དགོས། དུས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་དུས་བབ་གསར་པའི་འོག་གི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་ཀྱི་ལས་དོན་བསྒྲུབས་ནས་སློབ་གླིང་དང་སློབ་གྲྭའི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སློབ་གཉེར་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
         པེ་ཅིང་གྲོང་དུ་དཔྱིད་ཀྱི་བསིལ་རླུང་ལྡང་། རི་བོ་དམར་པོའི་གཤམ་དུ་གསོན་ཤུགས་རྒྱས། སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀར་ཞིས་ཅིན་ཕིང་རྒྱལ་སྲུང་སློབ་ཆེན་གྱི་ལོ་རྒྱུས་ཁང་དུ་ཕེབས་ཤིང་། ཁོང་གིས་པར་རེ་རེ་དང་དངོས་པོ་རེ་རེར་ནན་ཏན་གྱིས་གཟིགས་པ་དང་འབྲེལ་གསན་གྱིན་གསན་གྱིན་དང་བཀའ་འདྲི་གནང་གྱིན་གནང་གྱིན་དུ་ཚང་མ་དང་མཉམ་དུ་རང་རེའི་དམག་དཔུང་གི་སློབ་གཉེར་དང་སློབ་གྲྭ་བཅོས་སྐྱོང་གི་ཕུལ་བྱུང་བཟང་པོ་ཕྱིར་དྲན་གནང་བ་དང་འབྲེལ་སློབ་གྲྭས་མི་དམངས་དམག་དཔུང་མདུན་སྐྱོད་ཀྱི་ལམ་བུའི་ཐོག་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་གདེང་འཇོག་གང་ལེགས་ཀྱང་གནང་བ་རེད། ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་ཆེས་མཐོའི་དམག་དོན་སློབ་གྲྭ་ཞིག་ཡིན་པའི་རྒྱལ་སྲུང་སློབ་ཆེན་དེ་གསར་བརྗེའི་ཅིང་ཀང་རི་བོར་རྩ་བ་ཚུགས་པ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་སློབ་ཆེན་དང་རི་འགོག་དམག་སྲིད་སློབ་ཆེན་གྱི་འཕར་རྩ་རྒྱུན་འཛིན་བྱས་ཏེ་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་སྲུང་སློབ་ཆེན་གྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་བྱས་ཏེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་། སྒྱུར་བཅོས་ལ་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད། ཁྲིམས་ལྟར་སློབ་གྲྭ་སྐྱོང་རྒྱུར་དམ་འཛིན་ནན་པོ། སློབ་གྲྭ་ནན་པོས་སྐྱོང་བ་བཅས་བྱས་པར་བརྟེན་སློབ་ཁྲིད་དང་། ཚན་ཞིབ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། སློབ་གཉེར་གྱི་སྟོབས་ཤུགས་དང་ཤུགས་རྐྱེན་ནུས་པར་ཤུགས་སྣོན་ཐེབས་ཡོད་ཅེས་གསུངས་པ་རེད།
         ཆུ་ཚོད་བཅུ་པར་ཞིས་ཅིན་ཕིང་ཕྱོགས་བསྡུས་གཞུང་ལས་ཐོག་བརྩེགས་ཁང་གི་ཚོམས་ཆེན་དུ་ཕེབས་ནས་རྒྱལ་སྲུང་སློབ་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མི་ཡོངས་དང་ཧྲི་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད། དེ་རྗེས་ཞིས་ཅིན་ཕིང་གིས་རྒྱལ་སྲུང་སློབ་ཆེན་གྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསྟན་དོན། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། རྒྱལ་སྲུང་སློབ་ཆེན་ནི་ཏང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་མཁན་གྱི་འཐབ་ས་གལ་ཆེན་ཞིག་དང་། དམག་འཛུགས་དམག་སྐྱོང་གི་འགོ་ཁྲིད་རྐང་འཛིན་པ་གསོ་སྐྱོང་བྱེད་སའི་རྟེན་གཞི་ཞིག་ཡིན་པས་ཆབ་སྲིད་ཐད་ངེས་པར་དུ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱེད་དགོས། མིག་ལྟོས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་ཉན་རྒྱུར་གཡོ་འགུལ་མི་གཏོང་བ་བཅས་བྱེད་དགོས། ཀུའུ་ཐན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་དང་ཆབ་སྲིད་ཐད་ནས་སློབ་འཛུགས་སློབ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཁྲིད་དང་། ཚན་ཞིབ། སློབ་གཉེར་བཅས་ཀྱི་བྱེད་སྒོ་ཚང་མའི་ཐད་ཆབ་སྲིད་ལ་བརྟེན་ནས་དམག་འཛུགས་ཀྱི་བླང་བྱ་ལག་བསྟར་བྱེད་དགོས། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཏང་གཤིས་བློ་སྦྱོང་ཆེ་རུ་གཏོང་རྒྱུ་དེ་ཨང་དང་པོར་བཞག་སྟེ་སློབ་མ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་བློ་གོང་མཐོར་གཏོང་ས་དང་བླ་སྲོག་གི་བརྟེན་སར་འགྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་མངོན་གསལ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། མཉམ་འབྲེལ་དམག་འཐབ་བཀོད་འདོམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ནི་རྒྱལ་སྲུང་སློབ་ཆེན་གྱི་ལྟེ་བའི་འགན་ནུས་ཤིག་ཡིན་པས་ངེས་པར་དུ་དམག་སར་ཕྱོགས་པ་དང་། དཔུང་སྡེར་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆོས་ཉིད་ལ་ཞིབ་འཇུག་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ་སློབ་ཁྲིད་ཀྱི་འདུ་ཤེས་གསར་འབྱེད་དང་། སློབ་ཁྲིད་ཀྱི་ནང་དོན་བཟང་སྒྲིག སློབ་ཁྲིད་ཀྱི་བྱེད་ཐབས་ལེགས་སུ་གཏོང་བ། སློབ་ཁྲིད་ཀྱི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཐབས་ཇུས་བློ་འདྲིར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཐབ་ནུས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སློབ་ཁྲིད་དང་ཚན་ཞིབ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དམག་འཁྲུག་དང་དམག་འཐབ་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་ཐད་ཚད་བརྒལ་ཡོང་བ་བྱས་ཏེ་དུས་རབས་རང་བཞིན་དང་། ཁྲིད་སྟོན་རང་བཞིན། དམིགས་བསལ་རང་བཞིན་བཅས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་བྱེད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་སྒྱུར་བཅོས་བཀོད་སྒྲིག་དྲིལ་བསྒྲགས་ཧུར་ཐག་བྱེད་དགོས། སློབ་གླིང་དང་སློབ་གྲྭ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་ལེགས་པའི་སྒོ་ནས་འདུས་ཐུབ་པ་དང་། གནས་ཐུབ་པ། སྤྱོད་ཐུབ་པ་བཅས་བྱས་ཐོག་སློབ་གླིང་དང་སློབ་གྲྭའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་ཏང་ཨུད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་ཏང་ཨུད་ཚན་ཁག་དེ་བས་སྟོབས་ཆེར་གཏོང་བ་དང་། ཏང་ཨུད་ཚན་ཁག་གི་རྩ་དོན་རང་བཞིན་དང་འཐབ་ནུས་རང་བཞིན་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

༄༅།།ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་
བྱ་ཆེད་ཤེས་ལྡན་མི་སྣ་དང་རིག་ནུས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས་པ།