མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ།

“ཚན་རིག་ཁྱབ་གདལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར”དམིགས་ནས་ཐབས་འདོན་ཇུས་འདོན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་26ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཚེས་24ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ཐེངས་47པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས“ཚན་རིག་ཁྱབ་གདལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི”ཐད་ཐབས་འདོན་ཇུས་འདོན་གནང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཡུས་ཐེ་དང་། ཧྲའོ་ཧུང་། ཀྲང་ཐའོ་ལིན་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།
         ཨུ་ཡོན་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་ཁྱབ་གདལ་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2002ལོར་རང་རྒྱལ་གྱིས་འཛམ་གླིང་ཐོག་ཚན་རིག་ཁྱབ་གདལ་གྱི་བཅའ་ཁྲིམས་དང་པོ་དེ་ཁྱབ་བསྒྲགས་བྱས་པ་དང་། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་འཆར་གཞིའི་རྩ་གནད་ཁྱབ་བསྒྲགས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་ཚན་རིག་ཁྱབ་གདལ་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཚན་རིག་ཁྱབ་གདལ་སློབ་གསོའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་བཏང་བ་དང་ཚན་རིག་ཁྱབ་གདལ་གྱི་ཆ་འཕྲིན་ཅན་གྱི་ལས་དོན་ལ་སྐུལ་འདེད་བཏང་བར་བརྟེན་ཚན་རིག་ཁྱབ་གདལ་སློབ་གསོའི་ལས་དོན་ཡར་རྒྱས་ཆེན་པོ་ཕྱིན་མོད། འོན་ཀྱང་ཚན་རིག་ཁྱབ་གདལ་སློབ་གསོའི་ཆུ་ཚད་མཐོ་པོ་མེད་པ་དང་། རྒྱལ་དམངས་ཀྱི་ཚན་རིག་བྱང་ཚད་ཀྱི་ཧེ་བག་ཆེ་ཙམ་ཡོད་པ། ཚན་རིག་ཁྱབ་གདལ་སློབ་གསོར་མཐོང་ཆེན་བྱ་རྒྱུ་མི་འདང་བ། ཚན་རིག་ཁྱབ་གདལ་སློབ་གསོའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་པར་བརྟེན་རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་དེ་ནི་སླད་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ནང“རང་རྒྱལ་གྱི་སྤྱི་དམངས་ལ་ལྡན་པའི་ཚན་རིག་བྱང་ཚད་ཀྱི་བསྡུར་ཚད་དེ10%ལས་བརྒལ་རྒྱུ”དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ནང་འཇུག་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་འཆར་གཞིའི་རྩ་གནད་ལག་བསྟར་ཇུས་གཞི་(2016ལོ་ནས་2020ལོ་བར་)》པར་འགྲེམས་བྱས་པའི་འགག་རྩ་དེ་དམ་འཛིན་ནན་པོ་བྱས་ནས་དོན་འཁྱོལ་བྱ་རྒྱུར་ཐུག་པའི་ངོས་འཛིན་གནང་བ་རེད།
         ཨུ་ཡོན་ཚོས་མི་རིགས་གཅིག་གི་ཚན་རིག་བྱང་ཚད་དེ་ཚན་རྩལ་གསར་གཏོད་དང་། སྤྱི་ཚོགས་ཞི་མཐུན། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན། ཚན་རིག་དང་མཐུན་པའི་ཐབས་ཇུས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་བཅས་དང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་ཞིང་། ཨུ་ཡོན་ཁག་གཅིག་གིས“ཚན་རིག་ཁྱབ་གདལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར”དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ཐད་ཚན་རིག་ཤེས་བྱའི་ཐད་ཀྱི་སློབ་ཚན་མང་དུ་བཏང་ནས་ཚན་རིག་མཁས་ཅན་ཚན་རིག་ཁྱབ་གདལ་ལས་དོན་ནང་ཞུགས་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། ཚན་རིག་ཁྱབ་གདལ་གྱི་ལས་དོན་ལ་ནོར་སྲིད་ཐད་ནས་མ་དངུལ་གཏོང་ཤུགས་མང་དུ་བཏང་ནས་ཆ་རྐྱེན་འཛོམས་པའི་ཚན་ཞིབ་ཚན་པས་ཚོད་ལྟ་ཁང་སྒོ་འབྱེད་པ་དང་། སློབ་གྲྭས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་སློབ་ཁྲིད་ཀྱི་ནང་དོན་ནང་བཀོད་ཚད་མང་དུ་གཏོང་བ། ཆེད་ལས་རྟེན་རྫས་བཤམས་མཛོད་ཁང་གིས་ཚན་རིག་ཁྱབ་གདལ་གྱི་ནུས་པར་ཤུགས་སྣོན་རྒྱག་པ། སྨྱན་སྦྱོར་ལས་རིགས་ཀྱིས་ཚན་རྩལ་གྱི་ཤེས་བྱ་ལྡན་པའི་ཤེས་ལྡན་མི་སྣ་མང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། གཅིག་ཤོས་ནས་ཚན་རིག་ཁྱབ་གདལ་སློབ་གསོའི་བྱ་ཐབས་ལེགས་སུ་གཏོང་དགོས། དྲ་བའི་ལག་རྩལ་སྤྱད་ནས་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་རྒྱུར་གཙིགས་ཆེན་བྱེད་པ་དང་ཚན་རིག་ཁྱབ་གདལ་སློབ་གསོའི་ཤེས་བྱའི་རང་བཞིན་དང་སྤྲོ་སྣང་རང་བཞིན་ལ་སྣང་ཆེན་བྱེད་དགོས། ཚན་རིག་ཁྱབ་གདལ་སློབ་གསོའི་གཙོ་གནད་དེ་གཞོན་ནུ་ལོ་ཆུང་དང་གྲོང་གསེབ་ཏུ་བཞག་ནས་ཁྲོམ་རའི་ནུས་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཏོན་ཡོད། ཨུ་ཡོན་ཚོས་ད་དུང་ཚན་རིག་ཁྱབ་གདལ་ལས་དོན་དེ་ཚན་རྩལ་མི་སྣའི་དཔྱད་ཞིབ་མ་ལག་དང་གནམ་དཔྱད་རིག་པ་སོགས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ནང་འཇོག་རྒྱུ་དང་། གྲོང་གསེབ་ཀྱི་ཚན་རྩལ་ཁང་བསྐྲུན་རྒྱུ། ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་དཔེ་སྐྲུན་བྱེད་ཚད་མང་དུ་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འགོ་བཏོན་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་ཨུ་ཡོན་ཚོའི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། སྐབས་འགར་ཚང་མ་དང་སྤེལ་རེས་ཀྱང་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཆི་ཏེ་དང་དབན་ཀང་གིས་བཞུགས་མོལ་ཚོགས་འདུའི་ཐོག་གཏམ་བཤད་གནང་ཞིང་། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲང་ཡུང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཆིན་དབྱི་ཀྲེ་དང་། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཏུའུ་ཀྲན་ཡོན། ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཧོའུ་ཅན་གོ་སོགས་ཀྱིས་ཨུ་ཡོན་ཚོ་དང་སྤེལ་རེས་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་ཁྱབ་གདལ་སློབ་གསོར་སྣང་ཆེན་བྱེད་ཀྱི་ཡོད་ཅིང་། ཨུ་ཡོན་མང་པོ་ཞིག་གིས་གྲོས་གཞི་འདོན་པ་དང་། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། ཆ་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཚན་རིག་ཁྱབ་གདལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཚོགས་འདུ་མ་འཚོག་གོང་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་ཚན་རིག་འཕྲོད་ལུས་རྩལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱི་ཨུ་ཡོན་ཁག་གཅིག་པེ་ཅིང་དང་། སི་ཁྲོན། ཡུན་ནན་སོགས་སུ་ཕེབས་ནས་ཆེད་དོན་བརྟག་ཞིབ་གནང་བ་རེད།