མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་དབྱི་དབན་ནུའོ་ཕུའུ་
དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་དབྱི་དབན་ནུའོ་ཕུའུ་
དང་མཇལ་འཕྲད་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་ཀྲུའུ་རེན་དབྱི་དབན་ནུའོ་ཕུའུ་དང་མཇལ་འཕྲད་གནང་བ་རེད།
            ཞིས་ཅིན་ཕིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནི་ཕན་ཚུན་དབར་གལ་འགངས་ཆེ་བའི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་གདམ་ག་ཞིག་ཡིན་ལ་རང་སོ་སོའི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་ཤིག་ཀྱང་རེད། ཕྱོགས་གཉིས་པོས་འདི་ལོ་ཐུན་མོང་ཐོག་《ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་》ལ་མིང་རྟགས་བཀོད་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བྱས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་དར་སྤེལ་དང་རྒྱུན་འཛིན་ཤུགས་ཆེན་གྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཐུབ་རྒྱུར་དམིགས་ནས་ཕྱོགས་གཉིས་པོའི་གཙོ་གནད་ཁྱབ་ཁོངས་སུ་དོན་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་དགོས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ནི་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ཁྲོད་འབྲེལ་གཏུགས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གལ་ཆེ་ལ་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
           ཞིས་ཅིན་ཕིང་གིས་རང་ཉིད་དང་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཙུང་ཐུང་གཞུང་དོན་ཐིང་དང་དེ་བཞིན་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དབར་སྤེལ་རེས་མཉམ་ལས་བྱེད་པ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་དབར་ཚད་མཐོའི་ཡིད་ཆེས་བྱེད་རེས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
         དབྱི་དབན་ནུའོ་ཕུའུ་ཡིས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་དམ་ཟབ་ཡོད་པ་དེས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད། མིག་སྔར་ང་ཚོ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དབར་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིའི་བྱ་བའི་ཁྲོད་འབྲེལ་བ་དང་མཐུན་སྦྱོར་དམ་ཟབ་ཡོད། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཙུང་ཐུང་གཞུང་དོན་ཐིང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།