མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་
སྐྱོབ་འཕྲལ་སྡོམ་སྔོན་ཇུས་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་བཟོ་བཅོས་བརྒྱབ་ཟིན་པའི་《རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས་》(གཤམ་ལ་བསྡུས་མིང་《སྔོན་ཇུས》ཞེས་འགོད་རྒྱུ)པར་འགྲེམས་བྱས་ཤིང་། ད་ཐེངས་སྔོན་ཇུས་བཟོ་བཅོས་རྒྱག་དོན་ནི་མིག་སྔའི་རང་རྒྱལ་གྱི་རང་བྱུང་གནོད་འཚེ་དང་རོགས་སྐྱོབ་ལས་དོན་གྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པ་དང་མཐུན་ཐབས་བྱ་ཆེད་ཡིན་པ་དང་། སྤྱོད་རྒྱུར་འཚམ་པའི་ཁྱབ་ཁོངས་དང་། འཕྲལ་སྡོམ་དང་ལེན་ཆ་རྐྱེན། འགོ་འཛུགས་གོ་རིམ། དང་ལེན་བྱེད་ཐབས་སོགས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་། གོ་ཆོད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་བ་རེད།
          《སྔོན་ཇུས་》ནང་སྤྱིའི་རྩ་དོན་དང་། རྩ་འཛུགས་བཀོད་འདོམས་མ་ལག གནོད་འཚེའི་ཉེན་ཟོན་སྔོན་བརྡ་དང་ལེན། ཆ་འཕྲིན་སྙན་ཞུ་དང་ཡོངས་བསྒྲགས། རྒྱལ་ཁབ་ཀྱི་འཕྲལ་སྡོམ་དང་ལེན། གེགས་རྗེས་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན། འགན་ལེན་བྱ་ཐབས། ཟུར་བསྣན་དོན་ཚན་སོགས་ཆ་ཤས་བརྒྱད་ལ་དབྱེ་ཡོད་པ་རེད།
         《སྔོན་ཇུས་》ནང་གཤམ་གསལ་གྱི་ལས་ཀའི་རྩ་དོན་བཏོན་པ་སྟེ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་མཁན་གྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པ་དང་། གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། རིམ་དབྱེ་འགན་འཁུར། ཁོངས་གཏོགས་ཁུལ་དོ་དམ་གཙོ་བོར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས་པ། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་རོགས་རེས། མང་ཚོགས་རང་སྐྱོབ་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས་དང་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་རེད།
         《སྔོན་ཇུས་》ནང་གསལ་པོ་བཟོ་དོན། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་འཕྲལ་སྡོམ་ཕྱོགས་བསྡུས་མཐུན་སྦྱོར་སྒྲིག་གཞི་ཡིན་པས་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་ཀྱི་འགན་འཁུར་བ་དང་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་བྱེད་སྒོ་མཐུན་སྦྱོར་ངང་སྤེལ་དགོས། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པས་རང་སོ་སོའི་འགན་འཁྲིར་གཞིགས་ཏེ་རང་བྱུང་གནོད་འཚེ་རོགས་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་དབར་དང་འབྲེལ་གཏུག་བྱས་ཏེ་གནོད་འཚེ་ཕོག་ཚུལ་གྲོས་མོལ་ཚོད་སྐོར་དང་གེགས་སེལ་རོགས་སྐྱོར་ལས་དོན་སྤེལ་ནས་འབྲེལ་ཡོད་རྒྱབ་སྐྱོར་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ་བཅས་རེད།
         《སྔོན་ཇུས་》ནང་རང་བྱུང་གནོད་འཚེའི་རིམ་པ་སོགས་རྒྱུ་རྐྱེན་ལ་གཞིགས་ཏེ་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་རོགས་སྐྱོབ་འཕྲལ་སྡོམ་དང་ལེན་དེ་རིམ་པ་བཞི་ལ་དབྱེ་བ་སྟེ། རིམ་པ་དང་པོའི་དང་ལེན་ནི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་གཅིག་གྱུར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་པ་དང་། རིམ་པ་གཉིས་པའི་དང་ལེན་ནི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པས་(དམངས་སྲིད་པུའི་པུའུ་ཀྲང)སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། རིམ་པ་གསུམ་པའི་དང་ལེན་ནི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་དྲུང་ཆེས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། རིམ་པ་བཞི་པའི་དང་ལེན་ནི་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ་བཅས་ཡིན་ཞིང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་ཁག་གིས་དང་ལེན་རིམ་ཁག་གི་དགོས་མཁོར་གཞིགས་ཏེ་རང་སྡེ་ཚན་གྱི་འགན་འཁྲི་ལག་ལེན་ཡག་པོ་བསྟར་དགོས།
         《སྔོན་ཇུས་》ནང་གཏན་འབེབས་བྱས་དོན། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཞིག་གི་སྲིད་འཛིན་ས་ཁོངས་ནང་རང་བྱུང་གནོད་འཚེ་ཚབས་ཆེན་ཐོན་པ་དང་དེའི་ཁྲོད་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཐོན་ཚེ་རིམ་པ་བཞི་པའི་དང་ལེན་ལག་བསྟར་བྱ་རྒྱུ་སྟེ། (1)མི་ཤི་ཚད་20ཡན་དང་50མན་ཟིན་པ་དང་། (2)མི་ཁྲི་10ཡན་དང་ཁྲི་50མན་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱེད་དགོས་པའམ་ཡང་ན་མྱུར་དུ་འཚོ་བའི་རོགས་སྐྱོབ་བྱེད་དགོས་པ། (3) སྡོད་ཁང་ཁྲི་1གམ་ཡང་ན་དུད་ཚང་3000ཡན་དང་ཁང་པ་ཁྲི་10འམ་ཡང་ན་དུད་ཚང་ཁྲི་3མན་གྱི་སྡོད་ཁང་ལོག་པ་དང་གཏོར་སྐྱོན་ཚབས་ཆེན་ཕོག་པ། (4) ཐན་སྐྱོན་ལས་འབྲུ་རིགས་མི་འདང་བའམ་ཡང་ན་ཆུ་དཀོན་པ་སོགས་འཚོ་བར་དཀའ་ངལ་ཡོད་པ་དང་སྲིད་གཞུང་ནས་རོགས་སྐྱོབ་བྱེད་དགོས་པའི་མི་འབོར་གྱིས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེའི་ཞིང་འབྲོག་ལས་མི་འབོར་གྱི་15%ཡན་དང་20%མན་བཟུང་བའམ་ཡང་ན་མི་ཁྲི་100ཡན་དང་མི་ཁྲི་200མན་ཟིན་པ་བཅས་ཡིན་ཞིང་། 《སྔོན་ཇུས་》ནང་ད་དུང་རང་བྱུང་གནོད་འཚེའི་གནོད་འཚེ་ཕོག་ཚད་རིམ་པ་བཞིན་འཕར་བའི་གནས་ཚུལ་ལ་གཞིགས་ཏེ་རིམ་པ་གསུམ་པ་དང་། གཉིས་པ། དང་པོ་བཅས་ཀྱི་དང་ལེན་ལག་བསྟར་ཆ་རྐྱེན་དང་། འགོ་འཛུགས་གོ་རིམ། དང་ལེན་བྱེད་ཐབས་བཅས་འཐུས་ཚང་དུ་བཏང་ཡོད་པ་རེད།