མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་
སྒོར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་24ཉིན་གྱི་སྔ་དྲོ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་《གསོན་ཤུགས་ཀྱིས་ཁེངས་པའི་ཨེ་ཤེ་ཡའི་མདུན་ལམ་གསར་པ་མཉམ་དུ་འཆར་འགོད་བྱེད་》ཅེས་འགོ་བརྗོད་དུ་འཁོད་པའི་གཙོ་དོན་གཏམ་བཤད་གནང་བ་དང་ཨེ་ཤེ་ཡ་དང་། ཡོ་རོབ། རྒྱ་མཚོ་ཆེན་པོའི་གླིང་ཆེན་སོགས་རྒྱལ་ཁབ་62ཀྱི་སྲིད་ཕྱོགས་མི་སྣ་དང་། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། རིག་མཛོད་མཁས་དབང་བཅས་2100ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ལི་ཁེ་ཆང་གིས་གཏམ་བཤད་ནང་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་དེ་སྔར་བཞིན་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞི་སླར་གསོ་བྱེད་འགོར་བ། གསར་དར་དཔལ་འབྱོར་སྒྲིག་གཞིའི་འཕེལ་ཕྱོགས་ཁ་ཐོར། ཨེ་ཤེ་ཡའི་རྒྱལ་ཁབ་མི་ཉུང་བ་ཞིག་ལའང་དཀའ་ངལ་ཆེན་པོ་འཕྲད་པ་བཅས་རེད། ན་ནིང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཐོག་ལས་དབང་གཅིག་མཐུན་འདུས་གྲུབ་ལ་ཕྱོགས་ནས་ཨེ་ཤེ་ཡའི་འབྱུང་འགྱུར་གསར་པ་གཏོད་དགོས་པའི་གྲོས་འགོ་གལ་ཆེན་བཏོན་གནང་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ཨེ་ཤེ་ཡ་རྒྱལ་ཁབ་ཀྱིས་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པའི་ཐད་གཟིགས་ཚུལ་ཁ་ཤས་བཏོན་གནང་བ་སྟེ། གཅིག་ནི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། ཁྱིམ་མཚེས་ཀྱི་མཛའ་གྲོགས་དང་། འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། ཞི་བདེ་མཉམ་གནས་བཅས་མཐའ་འཁྱོངས་བྱེད་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ནི་དཔལ་འབྱོར་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། ནང་གནས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བྱས་ཏེ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་ཚོང་དོན་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་འཕར་རྒྱུར་ཕན་པའི་སྲིད་ཇུས་དེ་བས་མང་བ་འདོན་པ་དང་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱེད་པ་ལས་ཞོར་ཐོན་ཕན་འབྲས་ཐོན་རྒྱུ་བཀག་འགོག་བྱེད་དགོས། གསུམ་ནི་མཉམ་འདྲེས་འཕེལ་རྒྱས་ཐུན་མོང་ཐོག་གཏིང་ཟབ་ཏུ་གཏོང་དགོས་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ས་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ཏེ་མཉམ་འབྲེལ་ཤར་གཏོང་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་རྒྱབ་སྐྱོར་བྱེད་དགོས། བཞི་ནི་སྒོ་དབྱེ་བསྟུན་མཁས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། རིགས་ཁག་གི་སྤེལ་རེས་དང་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་ཨེ་ཤེ་ཡའི་གོང་བུ་འགྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྔ་ནི་གསར་གཏོད་ཀྱི་གསོན་ཤུགས་ཐུན་མོང་ཐོག་འཕེལ་བ་བྱེད་དགོས་པ། ཨེ་ཤེ་ཡའི་མངོན་གསལ་དོད་ཤོས་ཡིན་པའི་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བྱང་ཚད་མཐོ་བའི་ངལ་རྩོལ་ནུས་ཤུགས་ཀྱི་དཔུང་ཁག་དང་གསར་གཏོད་དཔུང་ཁག་བཏོད་ཐོག་ས་ཁུལ་དང་རྒྱལ་ཁབ་འདི་ཉིད་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རིམ་སྤོར་ལ་བརྟེན་ནས་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱེད་དགོས་པ་བཅས་རེད།
         ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་དུས་བབ་རྒྱས་བཤད་གནང་བ་དང་ཁོང་གིས་དེང་སྐབས་འཛམ་གླིང་དཔལ་འབྱོར་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་སོང་བ་དེས་ཤུགས་རྐྱེན་ངན་པ་བཟོས་པ་དང་རྒྱལ་ནང་གི་གཏིང་ཟབ་པའི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མངོན་གསལ་དོད་ལ་ཀྲུང་གོའི་དཔལ་འབྱོར་འདི་ཉིད་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཤུགས་རྐྱེན་ཐེབས་རྒྱུ་དེ་གཡོལ་ཐབས་མེད་པ་ཞིག་རེད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་མིག་སྔའི་དུས་བབ་མདུན་དུ་ང་ཚོར་དཔལ་འབྱོར་འཁོར་རྒྱུག་བརྟན་དུ་གཏོང་བ་དང་རིགས་ཁག་གི་ཉེན་ཁ་དོགས་ཟོན་བྱེད་པའི་སྲིད་ཇུས་ཀྱི་ལག་ཆ་འདང་ངེས་ཡོད། འདི་ལོ་མུ་མཐུད་ཁྲོམ་ར་ཅན་གྱི་བྱེད་ཐབས་སྤྱད་དེ་ཆེད་དོན་འཛུགས་སྐྱོང་ཐེབས་རྩ་འགྲེམས་སྤེལ་དང་བཀོལ་སྤྱོད་བྱེད་དགོས་པ་མ་ཟད་ང་ཚོས་ད་དུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུན་སྲིང་གི་སྒུལ་ཤུགས་སྐྲུན་དགོས། སྒུལ་ཤུགས་དེ་སྒྱུར་བཅོས་སྒོ་དབྱེ་ལས་བྱུང་བས་ང་ཚོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་། ནོར་ཁྲལ་དངུལ་རྩའི་སྒྲིག་གཞི་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་ཁྲལ་དུ་བསྒྱུར་བ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་ཁྲོམ་ར་ཅན་གྱི་བྱེད་སྟངས་གཞིར་བཟུང་བུ་ལོན་མ་རྐང་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་ནས་འདི་ལོ་ཧྲེན་ཀྲེན་དང་ཤང་ཀང་གི་རྐང་འཛིན་ཁྲོམ་རའི་ཚོང་དོན་མཉམ་འབྲེལ་མཉམ་མཐུད་ལམ་སྲོལ་ལ་བབ་བསྟུན་ངང་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།