མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རིན་ཡོད་
ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་མཚམས་འཇོག་དགོས་པའི་
སྐོར་གྱི་《བརྡ་ཐོ་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་《དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་རིན་ཡོད་ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་མཚམས་འཇོག་དགོས་པའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་རིན་ཡོད་ཞབས་འདེགས་ཕྱོགས་ཡོངས་ནས་ཞུ་མཚམས་འཇོག་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         《བརྡ་ཐོ་》ནང་བསྟན་དོན། ཀྲུང་དབྱང་དམག་ཨུད་ཀྱིས་ལོ་3ཡས་མས་ཀྱི་དུས་ཚོད་སྤྱད་དེ་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་རིན་ཡོད་ཞབས་ཞུའི་བྱེད་སྒོ་མཐའ་དག་རིམ་པ་དབྱེ་ནས་སྤེལ་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་ཀྱིས་དཀྲིས་པའི་སྤྱི་ཚོགས་འགན་སྲུང་ལས་འགན་འཁུར་མཁན་ཞིག་ཡིན་པའི་ངོས་ནས་དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་མ་ལག་ནང་འཇུག་དགོས། 《བརྡ་ཐོ་》འདི་བཏང་བའི་ཉིན་ནས་བཟུང་ཚན་པ་ཚང་མས་རྣམ་གྲངས་གསར་པ་གཉེར་བ་དང་གན་རྒྱ་གསར་པར་མིང་རྟགས་འགོད་པ་སོགས་ཀྱི་ཐོག་ནས་ཕྱི་ཕྱོགས་སུ་རིན་ཡོད་ཞབས་ཞུའི་བྱེད་སྒོ་སྤེལ་མི་ཆོག དུས་བཀག་ཐིམ་པའི་ཕྱི་ཕྱོགས་རིན་ཡོད་ཞབས་ཞུའི་གན་རྒྱར་སླར་ཡང་མི་རྟགས་མ་འགོད་པར་གྲོས་མོལ་བརྒྱུད་དམག་དཔུང་དང་ས་གནས་དབར་གྱི་གན་རྒྱའི་གྲོས་མཐུན་ཕྱིར་འཐེན་བྱས་ནས་རྣམ་གྲངས་འཕྲལ་དུ་གཉེར་འཚམས་འཇོག་དགོས་པ་བཅས་རེད།
         《བརྡ་ཐོ་》ནང་ད་དུང་རིན་ཡོད་ཞབས་ཞུའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་མཚམས་འཇོག་རྒྱུའི་རྩ་དོན་གལ་ཆེན་དང་ལེ་ལག་ཚང་སྒྲིག་གི་བྱེད་ཐབས་བཏོན་པ་དེར་གྲོན་དངུལ་གཏོང་ཡོང་དོ་དམ་བྱ་ཐབས་སྒྱུར་བཅོས་དང་། འབྲེལ་ཡོད་ལས་གནས་ཕོག་སྣོན་ལམ་ལུགས་ཞིབ་འཇུག་བྱས་ནས་འཛུགས་པ། ཐག་གཅོད་བྱ་རྒྱུར་ལུས་པའི་གནད་དོན་ཁག་གི་ཐག་གཅོད་བྱེད་ཐབས་སོགས་ཁ་གསལ་བཀོད་ཡོད།
         《བརྡ་ཐོ་》ནང་ནན་བཤད་བྱས་དོན། དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་རིན་ཡོད་ཞབས་ཞུའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་མཚམས་འཇོག་རྒྱུ་ནི་དམག་དཔུང་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེར་བརྟེན་རིམ་པ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། མིག་ལྟོས་ཀྱི་འདུ་ཤེས། བཀའ་རྒྱའི་འདུ་ཤེས་བཅས་ངེས་པར་དུ་ཟབ་ཏུ་བཏང་སྟེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་སྲུང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁུར་སེམས་ཆེན་པོས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་དོན་ཆེན་ལ་དམ་འཛིན་ལྷོད་མེད་བྱས་ནས་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།