མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧྲན་ཏུང་དུ་བསྐྱོད་ནས་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་སྤེལ་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཧྲན་ཏུང་ཅིས་ནན་གྱི་ཁྲིམས་འགལ་རིམས་འགོག་སྨན་ཁབ་ཚོང་གཉེར་གྱི་མུ་འབྲེལ་གྱོད་གཞི་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་གཞོགས་འདེགས་དམ་ཟབ་བྱས་ཏེ་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་ལས་དོན་འཕྲལ་དུ་སྤེལ་བ་རེད། གྱོད་གཞི་རྩད་གཅོད་མཐའ་གསལ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། ཁྲིམས་འགལ་བར་ཁྲིམས་ཆད་ནན་པོ་གཅོད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་བ། ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་ཆེད་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་མཆན་བཀོད་པ་བརྒྱུད་ཧྲན་ཏུང་ཅིས་ནན་གྱི་ཁྲིམས་འགལ་རིམས་འགོག་སྨན་ཁབ་ཚོང་གཉེར་གྱི་མུ་འབྲེལ་གྱོད་གཞིའི་སྡེ་ཚན་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་པ་རེད། དེ་ཉིན་དགོང་མོར་བརྟག་དཔྱད་ཚོགས་ཆུང་གིས་ཧྲན་ཏུང་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་གྱོད་གཞི་བརྟག་དཔྱད་དང་ཐག་གཅོད་ལས་དོན་སྤེལ་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་དོན་ལྟ་ཞིབ་ཚོགས་ཆུང་གིས་ཆེད་མི་མངགས་གཏོང་གིས་དེའི་ཁྲོད་ཞུགས་ནས་བརྟག་དཔྱད་ལས་དོན་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཁྲིད་སྟོན་བྱས་པ་རེད།
         ཟླ་3ཚེས་29ཉིན་སྡེ་ཚན་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་པི་ཅིང་ཆོན་གྱིས་བརྟག་དཔྱད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་ཚོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཕྱོགས་བདུན་གཙོ་གནད་དུ་བྱས་ནས་ལས་དོན་སྤེལ་རྒྱུ་སྟེ། གཅིག་ནས“གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”འགྲོ་རྒྱུག་དང་བེད་སྤྱོད་བྱས་ཚུལ་མཐའ་གཅིག་ཏུ་ཞིབ་བཤེར་བྱས་ཏེ་ཁྱོན་ཡོངས་ནས་གྱོད་གཞི་རྩད་ཆོད་མཐའ་གསལ་བྱེད་རྒྱུ་དང་། གཉིས་ནས་ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་གྱོད་འབྲེལ་མི་སྣར་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁྲིམས་ཆད་ནན་པོ་གཏོང་རྒྱུ། གསུམ་ནས་ཏང་སྲིད་སྒྲིག་ལམ་གྱི་ཆད་གཅོད་ཚུད་པའི་ལས་འཛོལ་བྱེད་སྤྱོད་ཐད་འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་དང་ནག་ཉེས་གྲུབ་ཚེ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱེད་རྒྱུ། བཞི་ནས་གྱོད་འབྲེལ་རིམས་འགོག་སྨན་ཁབ་རྒྱག་ཡུལ་གྱི་ཉེན་ཁ་དཔྱད་དཔོག་ཡག་པོ་བྱས་ཏེ་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དམིགས་སའི་རང་བཞིན་གྱི་རིགས་དབྱེའི་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཏོན་ཐོག་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་ཐག་གཅོད་དང་ཚན་རིག་དང་མཐུན་པའི་ངང་ཁ་གཏད་གཅོག་རྒྱུ། ལྔ་ནས་གྱོད་གཞིའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་གྱིས་ཆད་ལུས་མི་ཡོང་བ་དང་། བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། རིམས་འགོག་སྨན་ཁབ་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བསམ་འཆར་འདོན་རྒྱུ། དྲུག་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་སྣང་ཆེན་བྱས་ཏེ་དུས་ཐོག་ཏུ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་ཚུལ་ཡོངས་བསྒྲགས་བྱེད་པ་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱིས་གྱོད་འབྲེལ་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ཐད་ཚན་རིག་དང་མཐུན་པའི་ངང་དཔྱད་དཔོག་བྱེད་རྒྱུ། བདུན་ནས་གྱོད་གཞི་ཞིབ་བཤེར་ལས་དོན་ལེགས་གྲུབ་ཟིན་རྗེས་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་། འགན་འཁྲི་བདའ་འདེད། ལྟ་སྐུལ་དོ་དམ་ཐད་ཤུགས་སྣོན་རྒྱག་སྟངས། ལམ་ལུགས་འཐུས་ཚང་དུ་གཏོང་སྟངས་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ནས་ཞིབ་བཤེར་སྙན་ཞུ་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གོང་ཞུ་བྱེད་རྒྱུ་བཅས་ཡིན་པ་རེད།