མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཉིང་ཞ། བཟའ་བཅའ་དང་སྨན་རྫས་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་
ཚེ་བྱ་དགའ་ཁྲི་5སྤྲོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་29ཉིན་ཉིན་གསར་འགོད་པར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 《ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་པར་བྱ་དགའ་སྤྲོད་པའི་བྱ་ཐབས་》ཉེ་དུས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད། དངུལ་སྨར་སྤྲད་ནས་བསྔགས་སྐུལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ལ་བཟའ་བཅའ་དང་སྨན་རྫས་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་5སྤྲོད་རྒྱུ་ཡིན་པ་རེད།
         《བྱ་ཐབས་》ནང་གཏན་འབེབས་བྱས་པར་གཞིགས་ན། ཐེར་འདོན་པས་ཁ་པར་དང་། འཕྲིན་ཡིག དྲ་རྒྱ། བརྙན་སྐྱེལ། གློག་རྡུལ་བསྐུར་བྱ། བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བཟའ་བཅའ་(འཕྲོད་སྦྱོར་བཟའ་བཅའ་ཚུད་པ)དང་། སྨན་རྫས། སྨན་བཅོས་ཡོ་བྱད། མཛེས་འཆོས་བྱུག་རྫས་བཅས་ཞིབ་བཟོ་དང་། ཐོན་སྐྱེད། བྲིན་ཚོང་། བེད་སྤྱོད་བཅས་ལྷུ་ཚིགས་ནང་ཐོན་པའི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་ཆོག དངོས་ར་གསལ་འཕྲོད་ཐུབ་པ་དང་འབྲེལ་ཁྲིམས་ལུགས་ལྟར་ཐག་གཅོད་བྱས་རྗེས་ཐེར་འདོན་པས་རེ་ཞུ་བྱས་པ་གཞིར་བཟུང་དེ་མཚུངས་ཀྱི་དངོས་པོ་དང་བསམ་པའི་གཟིགས་བཟོས་སྤྲོད་རྒྱུ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་དེ་ཐེར་འདོན་བྱས་རིགས་ལ་བྱ་དགའ་སྤྲོད་མཁན་སྡེ་ཚན་དུ་བྱས་ནས་ཁོངས་གཏོགས་དོ་དམ་དང་རིམ་གཉིས་འགན་འཁུར་གྱི་རྩ་དོན་གཞིར་བཟུང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་སྒྲིག་འཛུགས་བྱ་རྒྱུ་རེད།
         ཐེར་འདོན་བྱས་རིགས་ཀྱི་བྱ་དགའ་རིམ་པ་གསུམ་ལ་ཕྱེ་ཡོད་པ་དང་ཐེར་འདོན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་དཔང་རྟགས་དང་ཁྲིམས་འགལ་དོན་དངོས་གཉིས་འཚམ་མཐུན་བྱུང་ཚད་ལ་གཞིགས་ནས་ཞིབ་ཕྲའི་རིམ་པ་གཏན་འཁེལ་བྱ་རྒྱུ་ཡིན་པ་སྟེ། རིམ་པ་དང་པོའི་ཐེར་འདོན་ནི་ཐེར་འདོན་བྱ་ཡུལ་དང་དེ་བཞིན་ཁྲིམས་འགལ་བྱེད་སྤྱོད་ངོ་མའི་སྐོར་མཁོ་འདོན་ཞིབ་ཕྲ་བྱེད་ཐུབ་པ་དང་འབྲེལ་ས་གནས་ས་ཐོག་གི་དངོས་དཔང་དང་། ཡིག་དཔང་། སྒྲ་བརྙན་དཔྱད་གཞིའི་ཡིག་རིགས་སོགས་དཔང་རྟགས་ཁག་གཅིག་འདོན་རྒྱུ་ཡོད་པ་དང་། ས་གནས་ས་ཐོག་གི་ཞིབ་གཅོད་བྱེད་སྒོར་གཞོགས་འདེགས་བྱས་པ། ཐེར་འདོན་བྱས་པའི་གནས་ཚུལ་དང་ཁྲིམས་འགལ་བྱེད་སྤྱོད་གཉིས་གཅིག་མཚུངས་ཡིན་པ་བཅས་དང་། རིམ་པ་གཉིས་པའི་ཐེར་འདོན་ནི་ཐེར་འདོན་བྱ་ཡུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ངོ་མའི་སྐོར་མཁོ་འདོན་བྱེད་ཐུབ་པ་དང་འབྲེལ་ས་གནས་ས་ཐོག་གི་དངོས་དཔང་དང་། ཡིག་དཔང་། སྒྲ་བརྙན་དཔྱད་གཞིའི་ཡིག་རིགས་སོགས་དཔང་རྟགས་ཁག་གཅིག་འདོན་རྒྱུ་ཡོད་པ་དང་། ཞིབ་གཅོད་བྱེད་སྒོར་གཞོགས་འདེགས་བྱས་པ། ཐེར་འདོན་བྱས་པའི་གནས་ཚུལ་དང་ཁྲིམས་འགལ་བྱེད་སྤྱོད་གཉིས་གཅིག་མཚུངས་ཡིན་པ་བཅས། རིམ་པ་གསུམ་པའི་ཐེར་འདོན་ནི་ཐེར་འདོན་བྱ་ཡུལ་དང་ཁྲིམས་འགལ་བྱེད་སྤྱོད་ངོ་མའི་སྐོར་གྱི་གནས་ཚུལ་མཁོ་འདོན་མི་ཐུབ་པ་དང་། ཁུངས་སྣེ་མཁོ་འདོན་ཐུབ་པ་ཙམ་ལས་ཞིབ་གཅོད་བྱེད་སྒོར་གཞོགས་འདེགས་བྱེད་པའི་ནང་ཐད་ཀར་མི་ཞུགས་པ། ཐེར་འདོན་བྱས་པའི་གནས་ཚུལ་དང་ཞིབ་གཅོད་གནས་ཚུལ་གཉིས་གཅིག་མཚུངས་ཡིན་པ་བཅས་རེད།
         གྱོད་གཞི་རེར་ཐེར་འདོན་གྱི་བྱ་དགའ་སྤྲོད་པའི་རྩ་དོན་དེ་སྒོར་ཁྲི་5ལས་བརྒལ་རྒྱུ་མིན་པ་དང་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་གྱོད་གཞི་ཆེ་རིགས་དང་གནད་ཆེའི་གྱོད་གཞི་ཐེར་འདོན་བྱས་པར་བྱ་དགའི་དངུལ་འབོར་དེ་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་བྱ་དགའ་སྤྲོད་པའི་བསམ་འཆར་འདོན་རྒྱུ་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།