མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུའུ་དང་། སློབ་གསོ་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་གྲོང་གསེབ་ཀྱི་གཞིས་ལུས་
བྱིས་པ་མཐིལ་རྟོགས་དང་གྲལ་བཤེར་གྱི་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུའུ་དང་། སློབ་གསོ་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་《གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་མཐིལ་རྟོགས་དང་གྲལ་བཤེར་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་2016ལོའི་ཟླ་3པའི་ཟླ་མཇུག་ནས་ཟླ་7པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་མཐིལ་རྟོགས་དང་གྲལ་བཤེར་གྱི་ལས་དོན་ཐེངས་ཤིག་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
         《བརྡ་ཐོ་》ནང་བསྟན་དོན། གྲོང་གསེབ་ཀྱི་བྱིས་པ་མཐིལ་རྟོགས་དང་གྲལ་བཤེར་ལས་དོན་སྤེལ་རྒྱུའི་སྤྱིའི་དམིགས་ཚད་ནི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་གྲངས་འབོར་གཞི་ཁྱོན་དང་། ཁྱབ་ཁོངས་ས་ཁོངས། གྲུབ་ཆའི་གནས་ཚུལ་བཅས་ཕྱོགས་ཡོངས་དང་ཁ་གསལ་ངང་ཁོང་དུ་ཆུད་པ་བྱེད་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་ཚང་གི་གྲུབ་ཆ་དང་། འཚོ་བའི་ལྟ་སྐྱོང་། སློབ་གསོ་སློབ་ཞུགས་སོགས་ཀྱི་གཞི་རྩའི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་པ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་མཛོད་འཛུགས་པ་མ་ཟད། ཆ་འཕྲིན་གོང་འབུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་གཅེས་སྐྱོང་དང་སྲུང་སྐྱོང་གི་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཅེས་སྐྱོང་ཞབས་ཞུའི་སྟོབས་ཤུགས་བཀོད་སྒྲིག་དང་། ཐོན་ཁུངས་བསྡུ་སྒྲིལ། མཁོ་འདོན་གྱི་རྨང་གཞིའི་གྲངས་གཞིའི་མཛོད་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་རེད།
         《བརྡ་ཐོ་》ནང་ཁ་གསལ་བསྟན་དོན། མཐིལ་རྟོགས་དང་གྲལ་བཤེར་བྱ་ཡུལ་ནི་ཕ་མ་གཉིས་ཀ་ཕྱིར་གླ་པར་བསྐྱོད་པའམ་ཡང་ན་ཕྱོགས་གཅིག་ཕྱིར་གླ་པར་བསྐྱོད་པ་དང་གཅིག་ཤོས་དེར་ལྟ་སྐྱོང་གི་ནུས་པ་མེད་པ་དང་། ཕ་མ་དང་མཉམ་དུ་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ཐབས་བྲལ་བའི་ལོ་བཅུ་དྲུག་ལ་མ་སླེབས་པའི་གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་པའི་ན་སོ་དར་ལ་མ་བབས་པ་དག་རེད། གྲལ་བཤེར་གྱི་ནང་དོན་ནང་གཞིས་ལུས་བྱིས་པ་སྐྱེས་པའི་དུས་ཚོད་དང་། ཕོ་མོ། མི་རིགས། སློབ་ཞུགས། ཐེམ་ཐོའི་ཐོ་འགོད། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། གཟུགས་པོའི་གནས་ཚུལ། སྡོད་གནས། ཞག་སྡོད་ཀྱི་གནས་ཚུལ་སོགས་གཞི་རྩའི་ཆ་འཕྲིན་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཁྱིམ་ཚང་གི་གནས་ཚུལ་དང་། ཕ་མ་གཉིས་ཀྱི་ལས་ཀ་བྱ་ཡུལ། ཁྱིམ་ཚང་གི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ། ལྟ་སྐྱོང་བྱེད་མཁན་གྱི་གཞི་རྩའི་གནས་ཚུལ། གྲོང་ཚོ་(གྲོང་ལྷན)ཨུ་ཡོན་ལྷན་ཁང་གི་འབྲེལ་གཏུག་མི་སྣ་དང་སྲིད་འཛིན་ས་ཁོངས་དེའི་གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་པའི་མི་འབོར་ཁྲོད་ཀྱི་ལོ་16ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པ་ཚུད་ཡོད། 《བརྡ་ཐོ་》ནང་བསྟན་དོན། ལྟ་སྐྱོང་གི་ནུས་པ་མེད་པ་ཞེས་པ་ནི་ཁྱིམ་དུ་ལུས་པའི་ཨ་ཕའམ་ཡང་ན་ཨ་མར་ནད་གཞི་ལྕི་པོ་ཕོག་པ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ལྟ་སྐྱོང་ནུས་པ་ཤོར་བ་དང་། ལོ་བཅུ་དྲུག་ལ་མ་སླེབས་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ལོ་ཚད་རྩིས་རྒྱག་དུས་ཚོད་ནི་2016ལོའི་ཟླ་7ཚེས་31ཉིན་བར་ཡིན་པ་རེད།
         《བརྡ་ཐོ་》ནང་མཐིལ་རྟོགས་གྲལ་བཤེར་ལས་དོན་དེ་རྫོང་(གྲོང་ཁྱེར་དང་། ཆུས། ཆི་བཅས)རྨང་གཞིར་བྱེད་པ་དང་། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་སྣེ་འཁྲིད་དེ་འགན་ཁུར་བ། རིམ་པ་གཅིག་མཚུངས་ཀྱི་སློབ་གསོ་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ཀྱིས་གཞོགས་འདེགས་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད། 《བརྡ་ཐོ་》ནང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《བསམ་འཆར》གྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ཁོངས་གཏོགས་ས་ཆའི་འགན་འཁྲི་ཏན་ཏིག་ཁུར་དགོས་པ་དང་། མཐིལ་རྟོགས་གྲལ་བཤེར་ལས་དོན་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་དགོས་པ། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་ཞིབ་ཕྲའི་གྲལ་བཤེར་ལས་དོན་གྱི་ཇུས་གཞི་བཟོ་རྒྱུའི་སྣེ་ཁྲིད་བྱེད་དགོས་པ་མ་ཟད། སློབ་གསོའི་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་དང་མཉམ་དུ་བཀོད་སྒྲིག་དང་ལག་བསྟར་བྱེད་དགོས་ལུགས་ཁ་གསལ་སྟོན་ཡོད།