མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕུ་རག་ཏུ་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་གླེང་མོལ་གནང་བ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་གདེང་འཇོག་གནང་ནས་ཀྲུང་ཅེའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བཅས་དབར་གྱི་མཉམ་ལས་དང་ཐུན་མོང་ཐོག་ཐུགས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཅེའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་ཀྲུང་ཅེའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
ཞིས་ཅིན་ཕིང་གིས་ཅེ་ཁེ་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་སྔ་ཤོས་དང་། ཀྲུང་གོ་གསར་པ་དང་འབྲེལ་ལམ་བཙུགས་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་ཡོད། དེང་སྐབས་ཀྲུང་ཅེའི་འབྲེལ་བ་དེ་མེ་ཏོག་བཞད་ཅིང་འབྲས་བུ་འདོགས་པའི་དུས་སུ་སླེབས་པ་དང་། འཕེལ་ཕྱོགས་ཧ་ཅང་བཟང་པོ་ཡོད་པ། ཕྱོགས་གཉིས་པོའི་མཐོ་རིམ་དབར་སྤེལ་རེས་ཟབ་པ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེ་དང་མཉམ་དུ་ཀྲུང་ཅེའི་ཐོབ་དཀའ་བའི་རྣམ་པ་བཟང་པོར་གཅེས་སྤྲས་བྱས་ཏེ་ཀྲུང་ཅེའི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་དངོས་བརྩོན་མཉམ་ལས་ཐད་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཅེའི་མཛའ་གྲོགས་ཀྱི་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཙེ་མན་གྱིས་ཅེ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་སྲོལ་རྒྱུན་བཟང་བ་དང་། ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཚོང་དོན་མ་འཇོག་འཕེལ་རྒྱས་མྱུར་པོ་བྱུང་ནས་ཀྲུང་གོ་འདི་ཉིད་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་གལ་ཆེན་དུ་གྱུར་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་ཡོ་རོབ་ཏུ་བསྐྱོད་སའི་རྒྱལ་སྒོ་དང་། དེ་བཞིན་འགྲིམ་འགྲུལ་དང་། ཟོག་འགྲེམས། དངུལ་རྩའི་ལྟེ་གནས་བཅས་སུ་འགྱུར་རྒྱུར་འབད་བརྩོན་བྱ་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གལ་ཆེའི་ངོས་འཛིན་གཅིག་མཐུན་མང་དག་ཅིག་གྲུབ་པ་དང་། ཀྲུང་ཅེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་གནང་སྟེ་དེ་བས་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དོན་གཉེར་བྱས་ཐོག་རིམ་པ་དེ་བས་ཟབ་པའི་མཉམ་ལས་བྱ་རྒྱུ་རེད།
གླེང་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ཐོག་ལྷན་དུ་མཚན་རྟགས་བཀོད་གནང་བ་དང་འབྲེལ་གློག་རྡུལ་ཚོང་དོན་དང་། མ་འཇོག ཚན་རྩལ། ཡུལ་སྐོར། རིག་གནས། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་བདེན་དཔང་ཡང་གནང་བ་རེད།