མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུའུ་དང་ནོར་སྲིད་པུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་
སྐྱོབ་འཚོ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བརྙན་ལམ་ཚོགས་འདུ་འཚོགས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བཀོད་སྒྲིག་བྱས་པ་རེད།
     ཚོགས་འདུའི་ཐོག་དམངས་སྲིད་པུའི་པུའུ་ཀྲང་ལི་ལི་གོ་ཡིས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གཞི་རྩའི་དགོངས་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རོགས་སྐྱོབ་འཚོ་སྐྱོང་ཐད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། མཐིལ་འདེགས་འགན་སྲུང་མཐའ་འཁྱོངས་བྱས་ནས། སྲིད་གཞུང་གི་མཐིལ་འདེགས་འགན་འཁྲི་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རོགས་སྐྱོབ་བྱེད་དགོས་རིགས་ལ་རོགས་སྐྱོབ་བྱེད་པ་དང་འཚོ་སྐྱོང་བྱེད་དགོས་རིགས་ལ་འཚོ་སྐྱོང་བྱེད་དགོས་པ། ཞབས་ཞུའི་འགན་སྲུང་མངོན་གསལ་དོད་དུ་གཏོང་བ་དང་། ཞབས་ཞུའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། སྣ་མང་བྱེད་པོ་ཞུགས་རྒྱུར་སྐུལ་ལྕག་བྱེད་པ། ཞབས་ཞུའི་མཁོ་སྤྲོད་བྱེད་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ཞབས་ཞུ་ཡག་པོ་སྒྲུབ་དགོས་པ། གནད་སྨིན་འཚོ་སྐྱོང་མཐའ་འཁྱོངས་བྱས་ནས་འོས་བབ་ཆ་རྐྱེན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གཏན་འཁེལ་བྱེད་ཐབས་ཁ་གསལ་བཟོ་བ། ཞིབ་བཤེར་མཆན་འགོད་བརྒྱུད་རིམ་ནན་དུ་གཏོང་བ། ཚད་གཞི་གཏན་འཁེལ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་མཁོ་སྤྲོད་བྱེད་སྟངས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས། ལམ་ལུགས་གཞུང་དྲང་དང་དྲང་གཞག་ངང་ལག་ལེན་བསྟར་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ལི་གོ་ཡིས་རིམ་ཁག་དམངས་སྲིད་སྡེ་ཚན་ལ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ལས་དོན་དེ་སྲིད་གཞུང་གི་དམངས་འཚོའི་ལས་དོན་གལ་ཆེན་ནང་འཇོག་གང་ཐུབ་དང་། འཚོ་སྐྱོང་ཞབས་ཞུའི་སྒྲིག་གཞི་བསྐྲུན་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་གང་ཐུབ་བྱེད་དགོས་པ་དང་། སློབ་སྦྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ལ་རྒྱུས་མངའ་ལོན་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བྱམས་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས་པ། སྡེ་ཚན་དབར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རོགས་སྐྱོབ་སྡེ་ཚན་གྱི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ནས། མ་དངུལ་འགན་ལེན་དང་ལས་ཀའི་ཆ་རྐྱེན་འགན་སྲུང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ། སྐུལ་འདེད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་གི་ལས་ཀའི་ལས་རྗེས་གདེང་འཇོག་ལམ་སྲོལ་འཛུགས་རྒྱུར་དམ་འཛིན་བྱས་ནས། དམངས་ཕན་སྲིད་ཇུས་དེ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
     ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཡུས་ཝུའེ་ཕིང་གིས་གསུང་བཤད་གནང་སྐབས། ལམ་ལུགས་ལག་བསྟར་བྱེད་པའི་དུས་འགོར་ཞིབ་འཇུག་ལ་ཤུགས་སྣོན་དང་བསམ་ཕྱོགས་གསེད་བཀྲོལ་བྱས་ནས། ལམ་ལུགས་གཞན་དང་སྲིད་ཇུས་ཁག་སྤྱི་འདོམས་སྦྲེལ་མཐུད་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་དེ་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་དང་། སྤྱི་ཚོགས་འགན་བཅོལ་ལམ་ལུགས། སྤྱི་ཚོགས་ཕན་བདེའི་ལམ་ལུགས་བཅས་དང་གཙོ་གནད་ཐོག་སྦྲེལ་མཐུད་ནུས་ལྡན་བྱེད་དགོས་པ་དང་། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས། དམངས་སྲིད་སྡེ་ཚན་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། མ་དངུལ་གྱི་སྔོན་རྩིས་ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་བཀོད་སྒྲིག་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་སོགས་གཙོ་གནད་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོའི་དགོས་མཁོ་འགན་སྲུང་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་གི་ལམ་ལུགས་བདེ་བླག་ངང་ལག་བསྟར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།