མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲན་ཏུང་ཅི་ནན་གྱི་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་གཉེར་
སྐྱོང་གི་མུ་འབྲེལ་གྱོད་གཞིའི་ལས་དོན་གྱི་ལྟ་ཞིབ་ཚོགས་ཆུང་བཙུགས་པ་དང་འབྲེལ་སྡེ་
ཚན་མཉམ་འབྲེལ་གྱི་བརྟག་དཔྱད་ཚོགས་ཆུང་འཛུགས་རྒྱུར་ཆོག་མཆན་སྤྲད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཧྲན་ཏུང་ཅི་ནན་དུ་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་གཉེར་སྐྱོང་གི་མུ་འབྲེལ་གྱོད་གཞི་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས། གྱོད་གཞི་དང་འབྲེལ་བའི་རིམས་འགོག་སྨན་ཁབ་གང་དུ་བཏང་མིན་དང་གང་དུ་སྤྱོད་མིན་གྱི་གནས་ཚུལ་ལ་བརྟག་དཔྱད་གསལ་པོ་བྱས་ཏེ་ཁྲིམས་ལྟར་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་། འཁོར་རྒྱུག སྨན་ཁབ་རྒྱག་པ་སོགས་ཀྱི་ལྷུ་ཚིགས་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ། ཞན་ཆ་གསབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱེད་དགོས་པའི་བཀའ་བཏང་ཞིང་། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་འཕྲལ་དུ་གྱོད་གཞི་ཞིབ་བཤེར་དང་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ཡོད།
         གྱོད་གཞི་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། གཏིང་ཟབ་པའི་གནད་དོན་ཁ་ཤས་ཐོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྱོད་གཞིར་སྔར་བས་ལྟ་སྐུལ་ཞིབ་བཤེར་དང་། ཁྲིམས་འགལ་བར་ཆད་པ་ནན་པོ་གཅོད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་གཏོང་བ། ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་། འཁོར་རྒྱུག སྨན་ཁབ་རྒྱག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་ཆེད། ཧྲན་ཏུང་ཅི་ནན་གྱི་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་གཉེར་སྐྱོང་གི་མུ་འབྲེལ་གྱོད་གཞིའི་སྡེ་ཚན་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་འཛུགས་རྒྱུར་ཆོག་མཆན་སྤྲད་པ་རེད། ཉེ་དུས། གྱོད་གཞིར་དེར་ཕྱོགས་ཡོངས་ནས་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་ལས་དོན་སྤེལ་བ་དང་འབྲེལ་རིམས་འགོག་སྨན་ཁབ་ཀྱི་ལྟ་སྐུལ་དོ་དམ་གྱི་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་བསམ་འཆར་ཡང་བཏོན་པ་རེད། སྡེ་ཚན་མཉམ་འབྲེལ་ཚོགས་ཆུང་དེ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་པི་ཅིང་ཆོན་གྱིས་ཙུའུ་ཀྲང་གི་འགན་ཁུར་བ་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། སྤྱི་བདེ་པུའུ། ལྟ་ཞིབ་པུའུ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཙུའུ་ཀྲང་གཞོན་པའི་འགན་ཁུར་བ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མི་སྣ་དེའི་ནང་ཞུགས་ཡོད། བརྟག་དཔྱད་ཚོགས་ཆུང་གི་གཤམ་དུ་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ལྟ་ཞིབ་ཚོགས་ཆུང་བཙུགས་པ་དང་ཆབས་ཅིག བརྟག་དཔྱད་ལས་དོན་ཐད་ཁྱོན་ཡོངས་ནས་ལྟ་ཞིབ་དང་མཛུབ་ཁྲིད་བྱས་ཤིང་། ལྟ་ཞིབ་ཚོགས་ཆུང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་བློ་མཐུན་ཏིང་ཤང་དབྱང་གིས་ཙུའུ་ཀྲང་གི་འགན་ཁུར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་འོག་ལས་དོན་སྤེལ་ནས་བརྟག་དཔྱད་དང་ལྟ་ཞིབ་ཀྱི་འབྲས་བུ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།