མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་ཁག་གཅིག་གསར་འཛུགས་བྱ་རྒྱུ་གཏན་འཁེལ་དང་ཧྲང་ཧའེ་ཡིས་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་པོ་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་། 《ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་སྤྱི་ཡོངས་འཕེལ་རྒྱས་འཆར་འགོད་》ལ་གྲོས་འཆམ་བྱུང་ནས་ནུབ་རྒྱུད་ཀྱི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་ལ་ཁྲིད་སྟོན་བྱེད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་འགྲིམ་འགྲུལ་བཅའ་ཁྲིམས་(འཆར་ཟིན)》ལ་རྩ་དོན་ཐོག་གྲོས་འཆམ་བྱུང་བ་རེད།
         ཚོགས་འདུའི་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་སྤྱི་ཡོངས་སྐྱོང་སྤེལ་བྱས་ནས་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་རེས་མཉམ་འཕེལ་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་དེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་དང་མཐུན་འཕྲོད་མཉམ་འགུལ་ཡོང་བར་སྐུལ་མ་ཐེབས་རྒྱུ་དང་། དབུས་ནུབ་རྒྱུད་ཀྱི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་ཐུབ་རྒྱུ། དཔལ་འབྱོར་འཕར་རྒྱུར་བར་མཐོངས་གསར་པ་རྒྱ་སྐྱེད་འགྲོ་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་རེད། ཚོགས་འདུའི་ཐོག་《ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་སྤྱི་ཡོངས་འཕེལ་རྒྱས་འཆར་འགོད་》ལ་གྲོས་འཆམ་བྱུང་ནས་ཁྲུང་ཆིང་དང་ཁྲེང་ཏུའུ་ཡི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་རྨང་གཞིར་བྱས་ནས་གསར་གཏོད་མཉམ་འགུལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་རྨང་གཞི་བརྟན་གཏོང་བཅས་འདེགས་སྐྱོར་དུ་བྱས་ཏེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་སྒོ་དབྱེའི་གྲོང་ཁྱེར་སྤྱི་ཡོངས་བསྐྲུན་རྒྱུར་ཁྲིད་སྟོན་གྱིས་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་ཚོང་འདུས་གྲོང་སྡེ་མཐུན་སྦྱོར་གོང་འཕེལ་ཡོང་བའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་ཡོད། ལས་འགན་གཙོ་བོ་ནི། གཅིག་ནས་སྣོད་བཅུད་མཉམ་སྐྲུན་དང་ཁོར་ཡུག་མཉམ་བཅོས་ལག་ལེན་བསྟར་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་སྲུང་སྐྱོང་ནན་ཏན་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་སྔོ་ལྗང་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། གཉིས་ནས་གོ་ལག་བཟོ་བ་དང་། སྐྱེ་དངོས་སྨན་རྫས། ཞིང་ནགས་ཐོན་རྫས་ལས་སྣོན་སོགས་ལེགས་ལྡན་ཐོན་ལས་འདུས་འཛོམས་སྟོབས་ཆེར་བཏང་ནས་ཚོང་དོན་ཟོག་འགྲེམས་དང་། ཡུལ་སྐོར། རིག་གནས་གསར་གཏོད་སོགས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་བཏང་ནས་ཐོན་ལས་གཞན་བསྒྱུར་གོ་རིམ་ལྡན་པའི་ངང་དང་ལེན་བྱེད་པ། གསུམ་ནས་སྒོ་མོ་འབྱེད་རྒྱ་སྔར་བས་རྒྱ་ཆེར་བཏང་སྟེ་ཀྲུང་ཕྱིའི་ཐོན་ལས་དང་གསར་གཏོད་མཉམ་ལས་ལས་སྟེགས་བསྐྲུན་རྒྱུར་སྐུལ་མ་བཏང་ནས་འབྲི་ཆུའི་ཆུ་ལམ་གཙོ་བོ་དང་། ལྕགས་ལམ། གཞུང་ལམ་བཅས་ཀྱི་དྲ་བར་བརྟེན་ནས་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་སྒོ་དབྱེའི་འགྲོ་ལམ་ཤར་བགྲོད་ཐུབ་པར་བྱེད་པ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་སྦྲེལ་ཤར་བགྲོད་ཐུབ་ཚད་མགྱོགས་སུ་གཏོང་བ། བཞི་ནས་མ་གནས་མཉམ་གཏོང་དང་ཁེ་ཕན་མཉམ་སྤྱོད་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལམ་སྲོལ་བཙུགས་ནས་མ་རྩ་དང་ལག་རྩལ་སོགས་ཁྲོམ་རའི་གཞི་གཅིག་ཅན་ལ་སྐུལ་མ་བཏང་སྟེ་ཡུལ་བབ་གྲོང་བབ་དང་བསྟུན་ནས་ཐབས་ཇུས་ལག་བསྟར་གྱིས་ངལ་རྩོལ་ནུས་ཤུགས་སོགས་ཐོན་སྐྱེད་རྒྱུ་རྐྱེན་རང་དགར་འཁོར་རྒྱུག་དང་ཞིང་ལས་གཞན་བསྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་ཞིང་པ་ས་གནས་ས་ཐོག་ཏུ་ལས་གཏོད་ལས་ཞུགས་ཐུབ་རྒྱུའི་ལྕག་སྐུལ་བྱེད་པ། ལྔ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་མ་གཏོང་བ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྣེ་ཁྲིད་དེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་ཡོང་བར་སྐུལ་མ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་མགྱོགས་པོ་བྱེད་པ། ཐོན་ལས་ལེགས་ལྡན་དང་། འཚོ་བ་ཡག་པོ། ཁོར་ཡུག་མཛེས་པ་བཅས་ཀྱི“ཁྲེང་ཏུའུ་དང་ཁྲུང་ཆིང་གསར་པ”ཧུར་ཐག་བསྐྲུན་དགོས་པ་བཅས་རེད།