མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ལྷན་དུ་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་
ཚོང་དོན་མཉམ་ལས་ཀྱི་གྲལ་སྒོར་ཚོགས་འདུར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ལྷན་དུ་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་
ཚོང་དོན་མཉམ་ལས་ཀྱི་གྲལ་སྒོར་ཚོགས་འདུར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ཙེ་མན་ལྷན་དུ་ཕུ་རག་ཏུ་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲལ་སྒོར་ཚོགས་འདུར་ཕེབས་པ་རེད། ཞིས་ཅིན་ཕིང་གིས་《མཛའ་གྲོགས་རྒྱུན་འཛིན་དང་སྔ་འཛིན་ཕྱི་གཏོད་ཀྱིས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ཁེ་ཕན་གྱི་མཐུན་ཆ་མང་པོ་ཡོད་པས་ཕྱོགས་གཉིས་པོས་མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ལེགས་ཆ་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ། མཉམ་ལས་བྱ་ཐབས་གསར་གཏོད་བྱེད་པ། བསྡུར་བའི་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིང་བ་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ལྡན་ཡོད་པས་ལོ་མང་རིང་འགྲོ་འོང་གཏིང་ཟབ་བྱས་པ་དེས་ང་ཚོའི་སེམས་པ་དེ་བས་གཅིག་ཏུ་སྦྲེལ་ཡོད། ང་ཚོ་རྒྱལ་ཁབ་གཉིས་པོའི་མི་དམངས་ཚོས་ཞི་བདེར་དགའ་ཞེན་དང་ཚང་མས་མཉམ་ལས་གཉིས་ཁེ་ཡོང་ཐབས་བྱེད་ཀྱི་ཡོད་པ་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་དོན་གཉེར་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། གོ་ལ་ཧྲིལ་པོའི་ཚོང་དོན་འཕར་ཚད་ཆག་པའི་རྒྱབ་ལྗོངས་འོག་ཀྲུང་ཅེ་ཕྱོགས་གཉིས་པོའི་ཚོང་དོན་མུ་མཐུད་འཕར་བ་དང་ཕྱོགས་གཉིས་པོའི་དབར་མ་འཇོག་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མ་འཇོག་མཉམ་ལས་ནང་བཟོ་སྐྲུན་ལས་རིགས་དང་། ནུས་རྒྱུ། དངུལ་རྩ། རིག་གནས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཕྱོགས་གཉིས་པོའི་དབར་མཉམ་ལས་བྱེད་རྒྱ་ཇེ་ཆེར་ཕྱིན་པ་དང་དེ་བས་ཏན་ཏིག་བྱུང་ཡོད། དེ་ནི་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད་ལ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་མཉམ་ལས་སྔར་བས་བྱ་རྒྱུར་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་བཏོད་ཡོད། འདི་གར་བཞུགས་པའི་ཁེ་ལས་མཁས་ཅན་ཚོས་གོ་སྐབས་དམ་བཟུང་གིས་ལས་དོན་ཧུར་ཐག་སྤེལ་ཏེ་ཀྲུང་ཅེ་རྒྱལ་ཁབ་གཉིས་པོའི་དོན་གཉེར་མཉམ་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་སྐབས་སུ་གནས་ཡོད་པས་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བ་ཞིག་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཡུན་རིང་ཡག་པོ་ཡོང་བའི་གཞི་རྩའི་ཆ་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ་ད་དུང་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་རེད། ཀྲུང་གོ་བརྟན་ལྷིང་དང་འཕེལ་རྒྱས་ཕྱིན་པ་ནི་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དང་མཐུན་ཡོད། ཅེ་ཁེ་ནི་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལམ་རྒྱུད་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་འཕྲད་ཡོད། ཀྲུང་ཅེ་ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་རྒྱལ་སྤྱི་དང་། ས་ཁུལ། ཕྱོགས་གཉིས་པོ་བཅས་ཀྱི་གནད་དོན་ཐད་མཐུན་སྦྱོར་གཞོགས་འདེགས་བྱ་ཤུགས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་མཉམ་ལས་ཁྲོད་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ལེགས་ཆ་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་བྱ་རྒྱུ་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་འབྲེལ་མཉམ་ལས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་དགོས། དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཚོང་ལས་བྱ་ཐབས་གསར་གཏོད་འཚོལ་ཞིབ་བྱས་ནས་དངུལ་རྩ་དང་། མཉམ་སྦྲེལ་དྲ་རྒྱའི་དཔལ་འབྱོར། ནུས་རྒྱུ་གསར་པ། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་བཟོ་ལས་དང་ཚན་རྩལ་གླིང་ཁུལ་མཉམ་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་སྐྱེད་བསྲིང་བྱེད་དགོས། བསྡུར་བའི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱས་ཏེ“ཀྲུང་གོས་བཟོ་སྐྲུན་བྱས། 2025”དང་“ཅེ་ཁེའི་བཟོ་ལས་4.0”སྦྲེལ་མཐུད་དམ་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཙེ་མན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཅེ་ཁེར་རྒྱལ་དོན་འཚམས་འདྲི་གནང་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་རེད། ཅེ་ཀྲུང་ཕྱོགས་གཉིས་པོས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་བྱེད་བཞིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཅེ་ཁེར་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་རྒྱུར་ཅེ་ཁེ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཅེ་ཁེ་སྲིད་གཞུང་གིས་ཕྱོགས་གཉིས་པོའི་བཟོ་ཚོང་ལས་རིགས་དང་མཉམ་ལས་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱི་མཉམ་ལས་ཡིག་ཆ་མང་དག་ལ་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།