མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝ་ཧྲིང་ཐོན་དུ་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་དང་མཇལ་འཛོམས་གནང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྐོར་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
          ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་24སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བརྟན་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཧན་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ཡོད། མིག་སྔར་ང་དང་ཙུང་ཐུང་ཕེའོ་ཅིན་ཧུའེ་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དེ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། དེར་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཞིག་ཐོབ་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧན་ཕྱོགས་གཉིས་པོས་མཐོ་རིམ་མཉམ་འགུལ་གྱི་རྣམ་པ་མཐའ་འཁྱོངས་བྱས་ནས་འཐབ་ཇུས་འབྲེལ་མཐུད་ལམ་སྲོལ་རབ་དང་རིམ་པ་སྤྱད་དེ་མཐུན་སྦྱོར་དམ་ཟབ་བྱེད་པ་དང་ཕན་ཚུན་གྱི་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱས་ནས་ཕར་ཕྱོགས་ཀྱི་རང་བདག་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས“རྒྱུད་གཅིག་ལམ་གཅིག”འཛུགས་པའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རང་མོས་ཚོང་དོན་ཆོད་ཡིག་ལག་བསྟར་བྱེད་པའི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་པ། དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་ཧན་ཐོན་ལས་གླིང་འཛུགས་སྐྲུན་ལ་གང་མགྱོགས་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་ཤར་མའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ་2018ལོའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་ཕན་ཚུན་རོགས་རམ་བྱེད་དགོས།
           ཕེའོ་ཅིན་ཧུའེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧན་ཀྲུང་གི་འབྲེལ་བའི་ཐད་གདེང་འཇོག་གནང་བར་མོས་མཐུན་ཡོད། ཧན་ཀྲུང་ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གལ་ཆེའི་རང་བཞིན་གྱི་མཚོན་ཚུལ་ཞིག་རེད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་ཧན་ཀྲུང་དབར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱང་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། རིམ་གྲས་ཁག་དང་ཁྱབ་ཁོངས་ཁག་དབར་སྤེལ་རེས་དམ་ཟབ་ཀྱང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཕེའོ་ཅིན་ཧུའེ་ཟླ་9པར་ཀྲུང་གོར་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ལ་ཞུགས་རྒྱུར་དགའ་བསུ་ཞུས་པ་དང་། ཕེའོ་ཅིན་ཧུའེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གདན་ཞུ་ཞལ་བཞེས་གནང་སྟེ་ཧན་གོ་ཕྱོགས་ཀྱིས་དབུ་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
          རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་སྐོར་ལ་གཟིགས་ཚུལ་བརྗེ་རེས་གནང་ཞིང་། ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་ཚང་མས་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་ནས་དང་ཆ་ཚང་བའི་སྒོ་ནས་ལག་བསྟར་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ཕེའོ་ཅིན་ཧུའེ་ཡིས་མིག་སྔའི་ཕྱེད་གླིང་གི་དུས་བབ་ཐད་ཀྱི་ཧན་གོའི་ལྟ་ཚུལ་གསུངས་ཏེ་འབྲེལ་ཡོད་གནད་དོན་སྐོར་ལ་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་བ་དམ་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།