མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་བ།

          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝ་ཧྲིང་ཐོན་གྲོས་ཚོགས་ལྟེ་གནས་སུ་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་མཇལ་འཛོམས་གནང་སྟེ་ཀྲུང་ཨ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་དང་དེ་བཞིན་ཕྱོགས་གཉིས་པོས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཞིང་། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ལས་དོན་སྤེལ་རིང་ཕན་ཚུན་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་ཨའི་ཐུན་མོང་གི་ཁེ་ཕན་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཉེ་བའི་ལོ་ཤས་རིང་ཀྲུང་ཨའི་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ཞིང་། རྒྱལ་ཁབ་གཉིས་པོའི་ཚོང་དོན་བསྡོམས་འབོར་དང་། ཕྱོགས་གཉིས་པོའི་མ་འཇོག་བསྡོམས་འབོར། མི་སྣ་འགྲོ་འོང་བཅས་ཐད་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད། ཕྱོགས་གཉིས་པོས་གནམ་གཤིས་ཀྱི་འགྱུར་ལྡོག་དང་། དབྱི་རན་གྱི་ཉིང་རྡུལ་གནད་དོན། ཞི་བདེ་སྲུང་སྐྱོང་། འཕྲོད་བསྟེན། འཕེལ་རྒྱས་སོགས་རྒྱལ་སྤྱི་དང་། ས་ཁུལ། དེ་བཞིན་གོ་ལ་ཧྲིལ་པོའི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་དང་མཉམ་ལས་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། གྲུབ་འབྲས་དེ་དག་ཐོག་ནས་ཀྲུང་ཨའི་འབྲེལ་བར་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་མཚོན་གྱི་ཡོད་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཡང་འབུར་དུ་མངོན་གྱི་ཡོད་ཅེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོསསྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་དང་ཞི་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་སྲུང་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས། འཛམ་གླིང་གི་མཐུན་གྲལ་གྱི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་ཆ་མཚོན་ན། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་འཁུར་དགོས་པའི་ལས་འགན་ཧ་ཅང་ཆེན་པོ་ཡོད། དེས་ན་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་དགོས་ལ་མཉམ་ལས་བྱེད་ཆོག་པའི་ཁྱབ་ཁོངས་ཀྱང་ཧ་ཅང་ཆེན་པོ་ཡོད། ཀྲུང་ཨའི་ཐུན་མོང་གི་ཁེ་ཕན་དེ་འགལ་ཟླ་ལས་ཆེས་ཆེ་བ་ཡོད། ཀྲུང་ཨ་ཡིས་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པའི་བྱ་བ་ཆེན་པོ་མང་པོ་ཞིག་སྒྲུབ་ཐུབ། དུས་མཚུངས་ཕྱོགས་གཉིས་པོས་ཕན་ཚུན་གཉིས་པོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་དབར་གྱི་འགལ་ཟླ་སེལ་ཐབས་ཧུར་ཐག་བྱེད་པའམ་ཡང་ན་དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་ཚོར་སྣང་སྐྱེན་པའི་གནད་དོན་ལ་ལྟ་སྡོམ་བྱས་ནས་གོ་ལོག་མི་ཐེབས་པ་དང་། ཁྲུན་ཐག་གཅོད་སྟངས་མི་ནོར་བ། འགལ་ཟླ་ཆེ་རུ་མི་འགྲོ་བ་བཅས་བྱེད་དགོས་ལ་ཀྲུང་ཨའི་མཉམ་ལས་ཀྱི་ཁྱོན་ཡོངས་ལ་འགོག་རྐྱེན་མི་ཕོག་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་འབྲེལ་གཏུག་ལ་ཤུགས་སྣོན་དང་། མཉམ་ལས་ལ་དམིགས་པ། ཡིད་ཆེས་ཆེར་གཏོང་བཅས་བྱེད་འདོད་ཡོད་ལ། མཉམ་དུ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པའི་ཐད་འབད་བརྩོན་བྱེད་འདོད་ཡོད། གདོང་ཐུག་མི་ཡོང་དང་འགྲན་ཟླར་མི་ལངས་པ་དང་། བརྩི་འཇོག་བྱེད་རེས། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཆུང་བ་དང་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་གཡོ་འགུལ་ཆེ་བའི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཁག་ཚང་མས་འགྲན་རྩོད་རང་བཞིན་གྱི་དངུལ་ལོར་འཛའ་གཅོག་པར་བརྟེན་ནས་ཕྱིར་གཏོང་ལ་ཡར་སྐུལ་བྱེད་མི་རུང་། ཀྲུང་ཨ་ཡིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཆེ་བ་དང་། རྒྱུན་མཐུད་པ། དོ་སྙོམས་པ་བཅས་ཀྱི་སྒོ་ནས་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་ཀྲུང་ཨ་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་ཆོད་ཡི་གེ་སྔ་ཙམ་འཇོག་ཐུབ་པའི་འབད་བརྩོན་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲོའུ་དབུ་ཚོགས་ལ་མུ་མཐུད་རྒྱབ་སྐྱོར་གྱིས་དབུ་ཚོགས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཐོབ་ཐུབ་པ་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་སྔར་བས་ཆེན་པོ་ཞིག་བསྣན་རྒྱུའི་རེ་བ་ཡོད། གནམ་གཤིས་འགྱུར་ལྡོག་གི་གནད་དོན་ནི་ཀྲུང་ཨ་ཡིས་མཉམ་ལས་བྱས་ནས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་དཔེ་མཚོན་ཞིག་རེད། ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་ནང་གི་བྱ་སྤྱོད་བརྒྱུད་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཡོང་བ་བྱེད་པའི་ཐད་ཀྱི་ཀྲུང་ཨའི་ཆོད་སེམས་མཚོན་པར་བྱེད་དགོས། ཉིང་རྡུལ་བདེ་འཇགས་ནི་ཀྲུང་ཨའི་མཉམ་ལས་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཡིན། ཉིང་རྡུལ་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་ཨ་ཡིས་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ཅེས་བསྟན་གནང་བ་རེད། 
         ཞིས་ཅིན་ཕིང་གིས་ཕྱོགས་གཉིས་པོས་གྲོས་ཐག་བཅད་ཟིན་པའི་དམག་དཔུང་གཉིས་དབར་གྱི་འགྲོ་འོང་དང་ལམ་སྲོལ་རང་བཞིན་གྱི་གྲོས་མོལ་ལས་དོན་ཡག་པོ་སྤེལ་ནས་དམག་དཔུང་གཉིས་དབར་ཕན་ཚུན་ཡིད་ཆེས་ཀྱི་ལམ་སྲོལ་འཛུགས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དེའི་ཐད་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད། ན་ནིང་གི་ཟླ་12པར་སྤེལ་བའི་ཀྲུང་ཨའི་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་དང་། དེ་བཞིན་འབྲེལ་ཡོད་ལས་དོན་གྱི་རིམ་པ་མཐོ་བའི་མཉམ་འབྲེལ་གླེང་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་ཐུན་མོང་ངོས་འཛིན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་དྲ་རྒྱའི་བདེ་འཇགས་གནད་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་ཨའི་མཉམ་ལས་ཁྲོད་ཀྱི་བཀྲག་མདངས་འཚེར་སར་མུ་མཐུད་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་ཐོབ་པ་དང་ཐུན་མོང་ངོས་འཛིན་ཡོང་བ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་སྒྲོམ་གཞིའི་ནང་ཕྱོགས་ཁག་གིས་ཡོངས་ཁྱབ་ཏུ་དང་ལེན་བྱེད་པའི་དྲ་རྒྱའི་བདེ་འཇགས་བར་ཁམས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་མཚོན་མེད་པ་བཟོ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གྲོས་མོལ་བརྒྱུད་དེ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱ་མཐའ་འཁྱོངས་བཅས་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོས་ལྷོ་མཚོའི་བདག་དབང་དང་འབྲེལ་ཡོད་དབང་ཆར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། ལྷོ་མཚོ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་གི་ལས་དོན་ལ་མཐའ་གཅིག་ཏུ་གཞོལ་རྒྱུ། འབྲེལ་ཡོད་དོ་བདག་རྒྱལ་ཁབ་དང་ཐད་ཀར་གྲོས་མོལ་བྱས་ནས་རྩོད་གཞི་ཞི་བའི་ངང་སེལ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཐའེ་དབན་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་དོན་ལངས་ཕྱོགས་བསྐྱར་བཤད་གནང་བ་དང་། ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་དང་། བྱ་སྤྱོད་དངོས་མུ་མཐུད་སྤེལ་རྒྱུ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བཅས་བྱ་རྒྱུའི་རེ་བ་བཏོན་གནང་བ་མ་ཟད། ད་དུང་ཀྲུང་ཨའི་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་ཡང་ཕན་པ་ཡོད་ཅེས་ནན་བཤད་ཀྱང་གནང་བ་རེད།
         ཨོ་པ་མས་ཀྲུའུ་ཞི་ཞིས་ཅིན་ཕིང་ཝ་ཧྲིང་ཐོན་དུ་བདེ་འཇགས་དབུ་ཚོགས་སྐབས་བཞི་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཞིས་ཀྲུའུ་ཞི་དང་སླར་ཡང་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཨ་ཀྲུང་མཐོ་རིམ་དབར་འབྲེལ་བ་དམ་ཟབ་མུ་མཐུད་བྱུང་ཚེ་ཕན་པ་ཧ་ཅང་ཆེན་པོ་ཡོད། ཨ་རི་ཕྱོགས་ཀྱིས་ཞི་བདེ་དང་། བརྟན་ལྷིང་། གྲུབ་འབྲས་ཐོན་པ་བཅས་ཀྱི་ཀྲུང་གོ་ཞིག་འབུར་དུ་ཐོན་རྒྱུར་དགའ་བསུ་ཞུ་རྒྱུ་དང་སྦྲགས། ཀྲུང་གོའི་སྤྱི་ཚོགས་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་ལ་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་བྱུང་བ་དེས་ཀྲུང་གོའི་ཁེ་ཕན་དང་མཐུན་པ་མ་ཟད། ད་དུང་ཨ་རིའི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་ངས་བསྐྱར་སྒྲོག་བྱེད་འདོད་འདུག སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་དང་། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད། གནམ་གཤིས་འགྱུར་བ། འཛམ་གླིང་གི་འཕྲོད་བསྟེན། འཕེལ་རྒྱས། ཉིང་རྡུལ་བདེ་འཇགས་སོགས་ཁྱབ་ཁོངས་སུ་ཨ་ཀྲུང་གཉིས་ཀྱིས་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་གི་ཡོད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ས་ཁུལ་དུའང་ཕྱོགས་གཉིས་པོར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དགེ་མཚན་ལྡན་པའི་སྒོ་ནས་འགལ་བ་ལྟ་སྡོམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཕྱོགས་གཉིས་པོས་ཀྲུང་ཨའི་གཙོ་བདག་གིས་བཏོན་པའི་ཐེངས་གསུམ་པའི་གནམ་གཤིས་འགྱུར་བའི་མཉམ་འབྲེལ་གསལ་བསྒྲགས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཆབས་ཅིག་ཟླ་4ཚེས་22ཉིན་དུས་གཅིག་ཏུ《ཕ་རི་སིའི་གྲོས་ཆོད》ཐོག་མིང་རྟགས་འགོད་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། རྒྱལ་ཁབ་གཉིས་པོའི་འགོ་གཙོས་ཀྲུང་ཨའི་ཉིང་རྡུལ་བདེ་འཇགས་ཀྱི་མཉམ་ལས་མཉམ་འབྲེལ་གསལ་བསྒྲགས་སྤེལ་རྒྱུའི་མོས་མཐུན་གནང་བ་དང་འབྲེལ་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་བཞི་པ་གྲུབ་འབྲས་ཐོབ་པའི་ངང་འཚོག་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།